བརྟན་བཞུགས་ཀྱི་གལ་གནད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༩   ཕྱི་ལོ་ ༢༠༡༩/༩ /༡༨

བརྟན་བཞུགས་འབུལ་བ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ལ། དེ་ཡང་སྐྱེས་ཆེན་དམ་པ་ས་ཐོབ་ཀྱི་སེམས་དཔའ་སྐྱེ་འཆི་འདས་གྲོངས་ལ་རང་དབང་ཆ་ཚང་ཡོད་པ་ཞིག་དགོངས་པ་གཞན་དུ་མི་གཏད་པར། འཇིག་རྟེན་འདིར་བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་མུ་མཐུད་བཞུགས་པའི་ཆེད་དུ་དད་ལྡན་གྱི་བུ་སློབ་རྣམས་ཀྱིས་ཆོས་ཕྱོགས་ཀྱི་ཆོ་ག་གལ་ཆེན་པོ་ཞིག་ལ་བརྟེན་ནས་གསོལ་བ་འདེབས་པ་ཞིག་ལ་གོ་བ་ལེན་དགོས་ཤིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་བླ་ཆེན་རྣམས་ལ་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཧ་ཅང་མང་པོ་ཡོད་ལ། རྒྱས་བསྡུས་ཀྱང་སྣ་ཚོགས་ཤིག་འབུལ་སྲོལ་ཡོད། ལྷག་པར་དུ་དཔལ་འབྱོར་གྱི་ནུས་པས་ལྕོགས་མཁན་ཞིག་ཡིན་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་ནི། ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཏུ་བརྩིས་ནས་ཆོལ་ཁ་དང་། ཆོས་བརྒྱུད་ཚོགས་སྒེར་མང་པོ་ཞིག་གིས་འབད་བརྩོན་དང་ཐབས་ཤེས་བྱས་དང་བྱེད་བཞིན་ཡོད།

ཆོས་ཕྱོགས་ནས་བཤད་ན་བརྟན་བཞུགས་སྐབས་ཉམ་ཆུང་དུད་འགྲོ་མང་པོ་ཞིག་ཚེ་ཐར་སྲོག་བླུ་དང་། སྐུ་རིམ་ཞབས་བརྟན་སོགས་མང་པོ་བསྒྲུབས་ན་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པར་ཕན་ཡོན་ཆེན་པོ་ཡོད་པ་སྨྲོས་མེད་དང་། ད་དུང་དད་ལྡན་པ་རང་ཉིད་ཀྱིས་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གང་ཐད་ནས་ཕན་ཡོན་རྒྱ་ཆེ་ཡོད་པ་དེ་ལས་འབྲས་ཀྱི་རྣམ་གཞག་ཁས་ལེན་མཁན་ཞིག་ཡིན་ན་ངོས་འཛིན་བྱེད་དགོས་ངེས་རེད། ལྷག་པར་དུ་༧གོང་ས་མཆོག་གིས་བརྟན་བཞུགས་ཕུལ་བའི་སྐབས་སོ་སོར་སྐུ་ཚེ་ཡུན་དུ་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་གནང་གི་ཡོད་པ་དེ་ནི། དེ་བས་ཀྱང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། ༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་འཇིག་རྟེན་འདིར་བཞུགས་ན་ནད་མུག་འཁྲུག་རྩོད་སོགས་མི་འབྱུང་བ་དང་། ཞི་བདེའི་དཔལ་ལ་ལོངས་སྤྱོད་རྒྱུའི་གོ་སྐབས་བླ་ན་མེད་པ་ཞིག་ཡོད་པས། ཁོང་གི་སྐུ་ཚེ་ཞབས་པད་བརྟན་དགོས་པ་ནི་འཇིག་རྟེན་སྤྱི་ཡོངས་དང་འབྲེལ་བའི་ཐོག་ནས་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།

ད་དུང་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན་ཆོས་ཕྱོགས་ཁོ་ན་དང་འབྲེལ་བ་ཙམ་མ་ཡིན་པར། ད་ལྟའི་ཆར་བོད་ཀྱི་གནད་དོན་ཐོག་ཤུགས་རྐྱེན་དང་ནུས་པ་ཆེ་ཤོས་༧གོང་ས་མཆོག་ཡིན་པ་དང་། རྒྱ་དམར་གཞུང་གིས་༧གོང་ས་མཆོག་གི་མཚན་སྙན་དང་ནུས་པ་ཆུང་དུ་གཏོང་བར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་བཞིན་ཡོད་པ་མ་ཟད། བོད་མི་སྤྱི་དང་ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་༧གོང་ས་མཆོག་དང་བར་ཐག་རིང་དུ་གཏོང་བར་ཐབསཤེས་ལུ་གུ་རྒྱུད་དུ་སྤེལ་བཞིན་ཡོད་པ་ནི། འདས་པའི་ལོ་རྒྱུས་དང་། ད་ལྟའི་དུས་སྐབས་བཅས་ཀྱི་གནས་སྟངས་དངོས་ལས་ཤེས་ཐུབ་པ་དང་། མ་འོངས་པར་ཡང་མུ་མཐུད་འབད་བརྩོན་འདི་ཉིད་རྒྱ་གཞུང་གིས་བྱེད་ངེས་ཀྱི་འཆར་གཞི་ཞིག་ཏུ་གྱུར་ཡོད། ད་ཆ་དོལ་རྒྱལ་ཁ་འཁྱེར་བ་མང་པོ་ཞིག་རྒྱ་གཞུང་གིས་འགྲོ་གྲོན་ཕོན་ཆེན་བཏང་ནས། བོད་ཀྱི་རྒྱལ་ས་ལྷ་སས་གཙོས་ས་གནས་མང་པོ་ལ་སྐད་གཏོང་གི་ཡོད་པ་དང་། གནམ་གྲུ་རིམ་པ་དང་པོ་དང་། མགྲོན་ཁང་སྐར་ལྔའི་རིམ་པ་ཅན་གྱི་ནང་དུ་གོ་སྒྲིག་བྱེད་བཞིན་ཡོད་འདུག་ལ། ཡོང་ཐེངས་རེ་ལ་མི་གྲངས་སུམ་ཅུ་བཞི་བཅུ་རེ་ཡོང་གི་ཡོད་འདུག

ད་དུང་ཆོས་ཕྱོགས་ཀྱི་བླ་ཆེན་དང་། སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་པའི་བཙན་བྱོལ་བོད་མི་མང་པོ་ཞིག་ཀྱང་རྒྱ་གཞུང་གིས་འགུགས་ཐབས་བྱེད་བཞིན་ཡོད་པ་མ་ཟད། བོད་དུ་ག་དུས་བསྐྱོད་ཀྱང་གདན་འདྲེན་ཞུ་རྒྱུ་ཡིན་ཡང་། ཏཱ་ལའི་བླ་མར་ཁ་གཏད་གཅོག་རྒྱུ་དང་། ཏཱ་ལའི་བླ་མར་འབྲེལ་བ་མི་བྱེད་པའི་འགེངས་ཤོག་ཐོག་ས་རྟགས་རྒྱག་དགོས་པའི་ཆ་རྐྱེན་ཡང་འདོན་གྱི་ཡོད་འདུག་པ་མ་ཟད། རེ་ཟུང་གིས་དེ་དག་ཁས་ལེན་ཡང་བྱས་ཡོད་སྲིད་པ་རེད། ཐབས་ལམ་དེ་ལྟ་བུ་རྒྱ་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་སྐབས་སུ་བོད་པའི་ངོས་ནས་ཀྱང་། ༧གོང་ས་མཆོག་ལ་ཆོས་ཕྱོགས་ནས་དད་པ་མི་ཚང་མར་ཡོད་ཀྱང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པའི་བརྩི་བཀུར་གྱི་གནས་བབས་ཤིག་བོད་མི་ཡོངས་རྫོགས་ཀྱི་སེམས་ནང་ཡོད་པ་དེ། མངོན་གསལ་དོད་པོའི་ཐོག་ནས་ཕྱིར་སྟོན་དགོས་པ་དེ་ཡང་ད་ལྟའི་དུས་འདིར་གལ་གནད་ཆེན་པོར་གྱུར་ཡོད། དེ་ལྟ་བུའི་གནས་བབས་དེ་༧གོང་ས་མཆོག་ཤཱཀྱའི་དགེ་སློང་ཞིག་གི་ངོས་ནས་དགོས་མཁོ་མེད་ནའང་། བོད་པ་སྤྱི་ཡོངས་ཀྱི་མ་འོངས་པའི་མདུན་ལམ་ཐོག་ནས་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

མདོར་ན་མི་ཁ་ཤས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་མཁན་མང་པོ་ཡོད་པ་དང་། དེ་ནི་གལ་གནད་ཆེན་པོ་དེ་ཙམ་མ་ཡིན་པར། འགྲོ་སོང་ཆེན་པོ་དེ་ལྟ་བུ་ཞིག་ཤེས་ཡོན་དང་འཕྲོད་བསྟེན་ཐོག་བཏང་ན་ཕན་ཐོགས་དེ་ལས་ཆེ་བའི་བསམ་ཚུལ་འདོན་མཁན་ཡང་ཡོད། ཤེས་ཡོན་དང་འཕྲོད་བསྟེན་གལ་ཆེན་པོ་ཡིན་པ་སྨྲོས་མི་དགོས་པ་དང་། དེ་དག་གི་ཆེད་དུ་འགྲོ་སོང་གཏོང་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེ་ཡང་། ༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་པ་དེ་ཆོས་དང་ཆབ་སྲིད་གཉིས་ཐད་ནས་གལ་གནད་ཆེན་པོར་གྱུར་ཡོད། ལྷག་པར་དུ་ཚོགས་པ་སྒྲིག་འཛུགས་ཁག་བེད་སྤྱོད་ལོག་པར་གཏོང་འདོད་ཡོད་པ་དང་། རྒྱ་གཞུང་གིས་ཚོགས་པ་སྒྲིག་འཛུགས་ཁག་དང་། ༧གོང་ས་མཆོག བོད་མིའི་སྒྲིག་འཛུགས་བཅས་ཀྱི་དབར་ཆེད་གཉེར་འགལ་ཟླ་བཟོ་ཐབས་ཀྱི་སྲིད་བྱུས་མང་པོ་སྤེལ་བཞིན་པའི་སྐབས་སུ་དེ་དག་ལ་ཁ་གཏད་གཅོག་པའི་ཐབས་ལམ་ཡག་ཤོས་ཤིག་ཏུ་གྱུར་ཡོད། དེར་བརྟེན་གནད་དོན་འདི་ནི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབས། མ་འོངས་པའི་མདུན་ལམ་གང་ཐད་ནས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།།

Share this:
༣༡༤ ཀློག་གྲངས།