ཧོང་ཀོང་དུ་རྒྱལ་ཁབ་འགོ་ཚུགས་པའི་དུས་ཆེན་དང་འབྲེལ་བའི་བྱེད་སྒོ་གལ་ཆེན་གསུམ་མེད་པ་བཟོས་འདུག 

རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཚོན་ན། ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་དམར་ཤོག་རྒྱལ་ཁབ་འགོ་ཚུགས་པའི་དུས་ཆེན་དེ་ནི་དཀའ་རྙོག་འབའ་ཞིག་ལས་མ་འདས་ཏེ། ད་ལྟ་རྒྱ་ནག་ལ་ཕྱི་ནང་གཉིས་ཀ་ནས་དཀའ་ངལ་འཕྲད་བཞིན་ཡོད། ཧོང་ཀོང་གི་མཚམས་མེད་པའི་ངོ་རྒོལ་དེ་ཁོ་ན་ལ་རྒྱ་ནག་མགོ་བོ་ན་ནས་ཇི་ལྟར་སེལ་དགོས་ཤེས་ཀྱི་མེད་པ་དང་། ཉེ་ཆར་རང་ཧོང་ཀོང་དུ་བྱེད་སྒོ་གལ་ཆེན་གསུམ་མེད་པ་བཟོ་དགོས་ཁེལ་ཡོད།

ཧོང་ཀོང་གི་གསར་ཁང་ཆེ་ཆུང་འདྲ་མིན་སྣ་ཚོགས་ཀྱིས་དམར་ཤོག་རྒྱལ་ཁབ་འགོ་ཚུགས་པའི་དུས་ཆེན་ཏེ། ཟླ་༡༠ ཚེས་༡ ཉིན་ཉེན་རྟོག་པའི་ཆོག་མཆན་ཡོད་མེད་ལ་མ་བལྟོས་པར་(རྒྱུན་པར་ངོ་རྒོལ་བ་ཚོས་ཉེན་རྟོག་པའི་ས་ནས་ངོ་རྒོལ་བྱེད་ཡུལ་ལ་ཆོག་མཆན་ཞུ་སྲོལ་ཡོད།)ཤིན་ཏུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་ཡོང་ངེས་པ་དང་། ཉིན་དེར་ངོ་རྒོལ་བ་དང་རྒྱ་ནག་ཕྱོགས་གཏོགས་ཀྱི་མི་མང་བར་འཁྲུག་འཛིང་དྲག་པོ་ཡོང་ངེས་པའི་ཚོད་དཔག་བྱས་ཡོད། 

དེར་བརྟེན་ཧོང་ཀོང་སྲིད་གཞུང་གིས་ཟླ་༩ ཚེས་༡༨ ཉིན་གྲོང་ཁྱེར་གྱི་བདེ་འཇགས་རྒྱུ་མཚན་དུ་དྲངས་ནས་ཟླ་༡༠ ཚེས་༡ ཉིན་སྤར་འཆར་ཡོད་པའི་ཤོག་སྦག་ཕོན་ཆེན་དེ་རྩིས་མེད་བཏང་བའི་ཁྱབ་བསྒྲགས་བྱས་ཡོད། 

དེ་བཞིན་“ང་ཚོས་ལག་རྡང་བསྒྲིལ་ནས་མེས་རྒྱལ་ལ་བསྟོད་གླུ་ལེན་”ཞེས་པའི་གླུ་གཞས་བླངས་ཏེ་སྲང་ལམ་དུ་གོམ་བགྲོད་བྱེད་པའི་ལས་འགུལ་ཞིག་སྔོན་ནས་ཟླ་༩ ཚེས་༡༨ ཉིན་གཏན་ཁེལ་བྱས་ཟིན་པ་མ་ཟད། ལས་འགུལ་དེའི་གོ་སྒྲིག་པ་ཚོས་དྲ་བ་བརྒྱུད་དེ་ཧོང་ཀོང་མི་མང་རྣམས་དེར་མཉམ་ཞུགས་དགོས་པའི་འབོད་སྐུལ་ཞུས་ཡོད། འོན་ཀྱང་ཧོང་ཀོང་གི་ཉེན་རྟོག་པ་རྣམས་གོམ་བགྲོད་དེའི་སྐབས་སྟངས་འཛིན་བྱེད་ཐབས་བྲལ་བའི་རྙོག་ཟིང་འབྱུང་བར་འཇིགས་ནས་ལས་འགུལ་དེའང་མེད་པ་བཟོས་ཡོད། 

གཞན་ཡང་ཉིན་དེ་རང་ལ་ཧོང་ཀོང་རྟ་རྒྱུག་ཚོགས་པ་(the Hong Kong Jockey Club) ཡིས་ངོ་རྒོལ་བ་ཚོས་རྟ་རྒྱུག་འགྲན་སྡུར་སྐབས་ངོ་རྒོལ་བྱ་རྒྱུ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་རྗེས། མི་རྟ་གཉིས་ཀའི་བདེ་འཇགས་སླུད་དུ་རྟ་རྒྱུག་འགྲན་སྡུར་ཡོངས་རྫོགས་རྩིས་མེད་བཏང་བའི་གསལ་བསྒྲགས་སྤེལ་ཡོད། 

རྒྱ་ནག་དམར་ཤོག་ཚོགས་པས་ཐོག་མའི་ཆ་ནས་རྒྱ་ནག་དམར་པོའི་རྒྱལ་ཁབ་འགོ་ཚུགས་ནས་ལོ་ངོ་༧༠ འཁོར་བའི་དུས་ཆེན་དེ་ཧ་ཅང་གཞི་རྒྱ་ཆེ་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཏུ་སྒྱུར་འདོད་ཡོད་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ། ཡོད་ཚད་ཁོ་ཚོའི་རེ་བ་དང་འདོད་པའི་ལྡོག་ཕྱོགས་སུ་གྱུར་ཞིང་། ཐ་ན་ཧོང་ཀོང་དུ་ཤོག་སྦག་སྤར་བའི་ལས་འགུལ་དེའང་མེད་པ་བཟོ་དགོས་ཁེལ་ཡོད། དེ་ནི་དོན་དངོས་ཐོག་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལམ་ལྷོང་བྱུང་མེད་པ་ངོས་ལེན་བྱས་པ་དང་གཉིས་སུ་མ་མཆིས་པས། དམར་ཤོགས་ཚོགས་པར་འཕྲད་བཞིན་པའི་སེམས་འཚབ་དེ་ཚིག་གིས་མཚོན་མི་ཐུབ་པར་གྱུར་ནས་ཡོད། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

Share this:
༩༥༦ ཀློག་གྲངས།