རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་ཤ་དཀར་པོ་བཏོན་པ་དེ་ནི་འཁྲབ་སྟོན་ཁོ་ན་རེད།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས། ༼  མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་ཞེས་པ་སྟེ། ཀྲུང་གོ་གསར་པའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་ལོ་༧༠ ཞེས་པའི་རྒྱབ་ཤ་དཀར་པོ་  ༽ ཟེར་བ་དེ། ཕྱི་ཟླ་༩ ཚེས་༢༢ ཉིན་བཏོན་པ་རེད། བྱེད་བབ་དེ་ནི་འཆར་ལ་ཉེ་བའི་ཕྱི་ཟླ་༡༠ ཚེས་༡ ཉིན་མོར་དམིགས་པ་གོར་མ་ཆགས། གང་ལགས་ཞེ་ན་དུས་ཚིགས་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་བཙུགས་ནས་མི་ལོ་༧༠ འཁོར་བའི་ཉིན་མོ་ཞིག་ཡིན་སྟབས། དུས་ཆེན་དེ་ཆེད་མངགས་རྒྱས་སྤྲོས་ཆེ་ཞིང་གཟི་བརྗིད་ཅན་ཞིག་བཟོ་ཐབས་ཆེད་རེད། 

ད་ཐེངས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་ཤ་དཀར་པོ་བཏོན་པའི་ནང་ལེ་ཚན་བརྒྱད་འདུག་ཅིང་།  ལེ་ཚན་དང་པོ་བཞིའི་ནང་དུས་སྐབས་གསུམ་དུ་ཆ་བགོས་ཀྱིས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་དཔྱད་འདུག དེ་དག་ནི་མའོ་ཙེ་ཏུང་གི་དུས་སྐབས་ནས་ཏེང་ཞའོ་པིང་དང་ད་ལྟའི་ཞིས་ཇིང་པིང་གི་དུས་སྐབས་བར་རེད། དཔྱད་སྟངས་དེ་ཡང་རྒྱལ་སྤྱི་ཁ་ཆག་རྣ་རལ། རྒྱལ་ནང་བཀྲ་ཤིས་བདེ་ལེགས། ཟེར་བའི་དཔེ་ལྟར་ལེགས་པའི་ཆ་ཤ་སྟག་མ་གཏོགས་ལོ་རྒྱུས་ཀྱི་དངོས་ཡོད་གནས་སྟངས་དེ་དག་རྩ་བ་ནས་བཀོད་མེད། 

ལེ་ཚན་ལྔ་པའི་ནང་བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཟེར་བའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡར་རྒྱས་ཇི་ཙམ་བཏང་བ་དང་། གྲུབ་འབྲས་ཇི་ཙམ་ཐོན་པའི་སྐོར་ཧམ་བཤད་ཁོ་ན་བྱས་འདུག ལེ་ཚན་ལྷག་མ་གསུམ་པོའི་ནང་རྒྱ་ནག་གཞུང་གིས་འགན་ཁུར་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཆེད་འབད་བརྩོན་ཇི་ཙམ་བྱས་པའི་སྐོར་རེད་འདུག 

རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ནང་གང་བཤད་པ་དེ་དག་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ཞིག་ཡིན་ན།  ད་ཡོད་རྒྱ་ནག་དཔོན་རིགས་ཚོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་མཚན་སྙན་ཅིའི་ཕྱིར་མ་ཐོབ། གཟུར་གནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསམ་བཞིན་དུ་རྒྱ་ནག་གཞུང་གིས་བྱས་རྗེས་ལ་ངོས་འཛིན་མ་གནང་བ་དེ་འདྲ་ཡོང་ག་ལ་སྲིད། འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱབ་ཤ་དཀར་པོའི་ནང་བདེན་པའི་ཆ་ཕྲ་མོ་ཙམ་ཡང་མེད། དེར་བརྟེན་མ་ཡིན་ཡིན་ཁུལ་གྱི་གཡོ་ཇུས་ཐོག་རྒྱབ་ཤ་དཀར་པོ་ཟེར་བ་བཏོན་པ་དེ་ནི་གནས་དུས་ཚོད་རྩིས་ཀྱིས་འཁྲབ་སྟོན་འབའ་ཞིག་ཏུ་ཟད། བསམ་ཤེས་ཅན་གྱི་སྐྱེ་བོ་མཆོག་དམན་ཀུན་གྱི་ཡིད་ངོར། ཨ་ཙི། རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་ནང་གང་བྲིས་པ་དེ་དག་བདེན་པ་ཡིན་ཆོག་བསམས་པ་ལས་གཞན་བྱ་ཐབས་ཟད།  

རྒྱབ་ཤ་དཀར་པོའི་ནང་ཕྱི་ལོ་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་པ་ནས་བཟུང་ད་བར་རྒྱ་ནག་ནང་གི་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་ཡར་རྒྱས་དང་བཟང་ཕྱོགས་རྐྱང་རྐྱང་བསྒྲགས་འདུག རྒྱ་ནག་མི་དམངས་ཙམ་མ་ཟད། གྲངས་ཉུང་མི་རིགས་ཚོར་མདུན་མཆོང་ཆེན་མོ་ཟེར་བའི་དུས་སྐབས་སུ་མུ་གེ་ཇི་ཙམ་བྱུང་བ་དང་། དེ་བཞིན་རིག་གནས་གསར་བརྗེ་ཟེར་བའི་སྐབས་མི་དམངས་ལ་གཉའ་གནོན་བཤུ་གཞོག་དང་གདུག་རྩུབ་མནར་གཅོད་ཇི་ཙམ་བཏང་བ། དེ་བཞིན་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ཚབས་ཆེ་ཇི་ཙམ་སྤེལ་བ་དེ་དག་སྐོར་རྒྱབ་ཤ་དཀར་པོའི་ནང་ཚིག་གཅིག་ཀྱང་བཀོད་མེད། ངས་བསམས་ན་དྲང་བདེན་གྱི་གནས་ཚུལ་དེ་དག་གོང་མའི་ཤུལ་བཞག་གནའ་རྫས་གསོག་འཇོག་ཁང་དུ་ཕལ་ཆེར་བཞག་ཡོད་ཚོད་འདུག   

རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ནང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲོད་ཚུལ་ཆེ་ཆེར་རློམ་ཞིང་། ས་གནས་དེ་དག་གི་དཔོན་རིགས་རྣམས་ས་གནས་རང་གི་མང་ཚོགས་དཀྱུས་མའི་གྲས་ནས་བསླེབས་ཚུལ་སོགས་འཁྱོག་བཤད་བྱས་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་དེ་དག་གི་ཤེས་ཡོན་ཡར་རྒྱས་དང་སྐད་ཡིག་སྲུང་སྐྱོབ་ཐད་རྒྱ་ནག་གཞུང་གིས་འབད་བརྩོན་ཧ་ཅང་བྱས་སྐོར་བཤད་འདུག འོན་ཀྱང་བོད་མིས་དངོས་མྱོང་བདེན་པའི་ཐ་ཚིག་བསྒྲགས་པ་ལྟར་ན། འདས་པའི་ལོ་ངོ་༦༠ རིང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་དུས་སྐབས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏང་གི་དྲུང་ཆེ་༡༤ བྱུང་ཡོད་པ་དེ་དག་ཚང་མ་རྒྱ་ནག་ཧན་མི་རིགས་ཤ་སྟགས་ཡིན་པ་དང་། དམའ་རིམ་ཏང་གི་འགོ་ཁྲིད་ཁྲོད་བོད་མི་ཁག་ཅིག་ཡོད་འདུག འོན་ཀྱང་ལས་དོན་ཐག་གཅོད་ཡོངས་རྫོགས་རྒྱ་མི་ཏང་ཡོན་ཁོ་པ་ཚོས་བྱེད་བཞིན་ཡོད།

རྒྱབ་ཤ་དཀར་པོའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་བཤད་ཡོད། འོན་ཀྱང་དོན་དངོས་ནི་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་ཐབས་བརྒྱ་བྱུས་སྟོང་གིས་བོད་ནང་བོད་ཀྱི་སྐད་ཡིག་དེ་གྲལ་རིམ་གཉིས་པའི་སྐད་ཡིག་བཟོས་ཟིན་པ་རེད། དཔེར་ན་ཚོང་ལས་གཉེར་དགོས་བྱུང་ནའང་རེད། གཞུང་གི་ལས་ཀའི་གོ་སྐབས་བཙལ་དགོས་བྱུང་ནའང་འདྲ། གླ་ཕོགས་ཆེ་གྲས་ཀྱི་ལས་རིགས་ཐོབ་དགོས་ན་ངེས་པར་རྒྱ་སྐད་མ་ཤེས་པར་འགྲོ་ས་རྩ་བ་ནས་མེད་པའི་ལམ་ལུགས་གཏན་ལ་ཕབ་ཡོད། དེར་བརྟེན་བོད་མི་ཚོ་རྒྱ་སྐད་མ་ཤེས་པར་བོད་སྐད་ཤེས་པ་ཙམ་གྱིས་འཚོ་བ་འཁྱོལ་ཐབས་དཀའ་བའི་གནས་སུ་ལྷུང་ཡོད་པ་མ་ཟད། བོད་མི་དགོན་སྡེ་ཁག་ཏུ་སློབ་གྲྭའི་གུང་སེང་སྐབས་བོད་ཕྲུག་ཚོར་དང་བླངས་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པ་དེ་དག་ཐོག་ལའང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་ཡོད།   

དེ་ཡང་རྒྱབ་ཤ་དཀར་པོའི་ནང་འཁོད་དོན། ༼ གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་བྱས་ཡོད། བླ་སྤྲུལ་ཡང་སྲིད་རྩད་གཅོད་ཀྱི་ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་ཉམས་བཞེས་ཡིན་སྟབས། ས་གནས་དང་དབུས་གཞུང་གིས། རང་སྐྱོང་ས་ཁུལ་སོ་སོའི་ནང་ལམ་ལུགས་དེ་དག་སྲུང་སྐྱོབ་བྱས་ཡོད། ༽ ཅེས་འཁོད།  དེ་ནི་བོད་མིའི་ཆོས་དང་རིག་གཞུང་གི་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད། གང་ཡིན་བརྗོད་ན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་ལམ་སྲོལ་དེ་ནི་ཐུན་མིན་ནང་ཆོས་ཉམས་བཞེས་དང་འབྲེལ་ཞིང་། བདག་དབང་དེ་བོད་མི་ནང་པ་ཁོ་ན་ལས་གཞན་སུ་ལའང་ཡོང་ཤེས་ཐབས་མེད། ལྷག་པར་ཆོས་མེད་སྨྲ་བའི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་དེ་བས་ཡོང་ཤེས་ཐབས་མེད། ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་གིས་ཆོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཟེར་བ་ནི་སྨྱོ་ཧམ་ཁོ་ན་རེད།

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ཆེད་ཀྱི་བཀའ་ཁྱབ་ཨང་ལྔ་པ་ཟེར་བ་ཕྱིར་བསྒྲགས་བྱས་ཏེ་བླ་སྤྲུལ་ངོས་འཛིན་གཏན་འབེབས་བྱས་པ་ནི་བོད་མི་ནང་པ་ཚོའི་སེམས་ཁམས་ལ་རྨ་ཁ་བཟོ་བཞིན་ཡོད། རྒྱ་ནག་དཔོན་རིགས་ཚོས་༸གོང་ས་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་མཚམས་འཇོག་དགོས། ཟླ་བ་སྔོན་མར་རྒྱ་ནག་གཞུང་འབྲེལ་གྱིས་རྒྱལ་ས་ལྷ་སར་བོད་མི་གྲྭ་པ་བརྒྱ་ཙམ་ལ་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་བླ་སྤྲུལ་ཡང་སྲིད་དེ་རྒྱ་ནག་གཞུང་ཁོ་ནས་ཐག་གཅོད་བྱ་རྒྱུ་དང་། དེ་ནི་སྲོལ་རྒྱུན་ལྟར་ཡིན་ཚུལ་འཁྱོག་བཤད་སྣ་ཚོགས་བྱས་འདུག སློབ་གསོའི་ལས་འགུལ་དང་དུས་མཚུངས་གྲྭ་པ་ཚོས་ཏང་གི་ཐག་གཅོད་ལ་མཐའ་གཅིག་ཏུ་ཤར་བསྐྱོད་བྱེད་དགོས་པའི་སྡིགས་སྐུལ་བྱས་པ་ཞིག་ཀྱང་ཡིན་འདུག བྱེད་བབ་དེ་དག་ནི་བོད་མི་བློ་འགུག་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་ལ་ཞེན་པ་གཏིང་ནས་ལོག་རྒྱུ་ཁོ་ན་རེད། 

རྒྱབ་ཤ་དཀར་པོ་དེའི་ལེ་ཚན་མཐའ་མ་གསུམ་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་སྲ་བརྟན་བཟོས་པ་དང་། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་ནང་འགན་ཁུར་ལྡན་པའི་ཆ་ཤས་བླངས་ཚུལ། དེ་ཙམ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཆེད་ཞབས་འདེགས་རྒྱ་ཆེ་བསྒྲུབས་ཚུལ་བཀོད་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚད་ལྡན་ཚོས་ཁྲེལ་རྒོད་ཤོར་ངེས་ཡིན། རྒྱ་ནག་གཞུང་གིས་མ་ཡིན་ཡིན་ཁུལ་གྱི་གཡོ་ཇུས་ཇི་ཙམ་བྱས་ཀྱང་བདེན་པའི་གནས་ལུགས་གང་ཡིན་པ་ནི་ལོང་བའི་བལྟས་ཀྱང་རྒྱལ་ཁམས་ཟེར་བའི་དཔེ་ལྟར་རེད། 

ད་ལྟ་ཧོང་ཀོང་ནང་འབྱུང་བཞིན་པའི་གནས་སྟངས་དེའི་རྒྱུ་རྐྱེན་གཙོ་བོ་ནི། དེ་སྔ་ཕྱི་ལོ་༡༩༩༧ ལོར་རྒྱ་ནག་གཞུང་གིས་ཨིན་ཇིའི་ལག་ནས་ཧོང་ཀོང་རྩིས་ལེན་སྐབས་ཁས་ལེན་བྱས་པའི་འབྲུ་དོན་རྣམས་ལག་བསྟར་ཚུལ་བཞིན་མ་བྱས་པར་རྩིས་མེད་རྡོག་རོལ་བཏང་བར་བརྟེན་ད་ལྟའི་ཧོང་ཀོང་ནང་དཀའ་ངལ་འཕྲད་བཞིན་ཡོད། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༡ ལོར་བོད་མི་དང་ལྷན་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ཡོད་ཀྱང་རྗེས་སུ་འབྲུ་དོན་དེ་དག་དོན་དངོས་ལག་བསྟར་རྩ་བ་ནས་མ་བྱས་པར་བརྡལ་བཤིག་བཏང་རྐྱང་བྱས་ཡོད།  

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཚུལ་བཤད་ཀྱང་།  བོད་མི་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་ཆེད་ཞུ་གཏུག་ལས་འགུལ་སྤེལ་སྐབས་རྟག་ཏུ་འགོག་རྐྱེན་བཟོ་བཞིན་ཡོད་པ་ནི་དཔེར་ན། འདི་ལོའི་ཕྱི་ཟླ་༢ ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་རྒྱལ་ཚོགས་ལ་སྙན་ཞུ་ཞིག་ཕུལ་བ་བརྒྱུད། བོད་མིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་མི་གྲངས་༡༥ ཡོད་པ་དེ་དག་རྒྱལ་ཚོགས་ནང་ཞུ་གཏུག་སྤེལ་མ་འཇུག་རོགས། ཞེས་རེ་འདུན་བཏོན་པ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གཅིག་བསྡུས་དབང་འཛིན་གཞན་དང་ངན་པ་ལག་འབྲེལ་གྱིས། ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་འགོག་ཐབས་སྣ་ཚོགས་བྱེད་བཞིན་ཡོད། ལས་འགུལ་བ་གྲངས་༡༥ ཡོད་པ་དེ་དག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བ་ཡིན་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཚོགས་མི་གཞན་ཙམ་མ་ཟད། ལྷག་པར་རྒྱ་ནག་གཞུང་གི་བརྒྱུད་གཅིག་ལམ་གཅིག་ཟེར་བའི་དཔལ་འབྱོར་སྲིད་བྱུས་གསར་པ་དེར་མོས་མཐུན་བྱེད་མཁན་རྒྱལ་ཁབ་ཚོར་ལྷག་པར་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་འདུག 

དེ་ཡང་ལོ་ལྔ་རེའི་མཚམས་སུ་རྒྱལ་ཚོགས་ཀྱིས་དུས་བཀག་རྒྱས་བཅད་ཐོག་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་སྲོལ་ཡོད་པ་ལྟར། ལྔ་ལོར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་ཚོགས་མིའི་རྒྱལ་ཁབ་ཚོས་བསྐྱར་ཞིབ་གནང་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་གཞན་ཚོར། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བཤད་སྐབས་བཟང་ཕྱོགས་རྐྱང་རྐྱང་མ་གཏོགས་སྐྱོན་བརྗོད་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པར་རྒྱལ་ཚོགས་ནང་མཉམ་ཞུགས་བྱ་རྒྱུར་འགོག་རྐྱེན་བཟོས་པ་དང་དུས་མཚུངས་རྒྱ་ནག་གཞུང་འབྲེལ་གྱི་ཚོགས་པ་གང་མང་རྒྱལ་ཚོགས་ནང་མཉམ་ཞུགས་བྱས་བཅུག་པ་བརྒྱུད། ཚོགས་པ་དེ་དག་གིས་རྒྱལ་ཚོགས་ནང་ཆེད་མངགས་སྐད་གསང་མཐོན་པོས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག  

མདོར་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་གཙོ་གྱུར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚབས་ཆེ་བཏང་བའི་བྱ་ངན་དེ་དག་འགེབ་སྲུང་ཁོ་ནའི་ཆེད་ཐེངས་འདིར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བས། ༼  མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་ཞེས་པ་སྟེ། ཀྲུང་གོ་གསར་པའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་ལོ་༧༠ ཞེས་པའི་རྒྱབ་ཤ་དཀར་པོ།  ༽ ཟེར་བ་དེ་བཏོན་པ་ཞིག་རེད། 

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཀྲུང་གོའི་ཕུལ་བྱུང་གི་བྱས་རྗེས་ཟེར་བ་དང་། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་སྐྲུན་པ།  ཟེར་བ་དེ་དག་ཁ་ཞེ་གཉིས་ཡིན་ཚེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་། གཞུང་འབྲེལ་མི་སྣ། གསར་འགོད་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བོད་ནང་འགྲོ་འཇུག་དགོས་པ་མ་ཟད། རང་དབང་ཐོག་ནས་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་འཇུག་དགོས། སྟོབས་ཆེན་རྒྱལ་ཁབ་གཙོ་གྲས་གཅིག་གིས།  རྒྱབ་ཤ་དཀར་པོར་ཁག་དཀྲི་འོག  རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་དང་བསྟུན་འདས་པའི་ལོ་ངོ་༧༠ རིང་འགྲོ་བ་མིའི་ཐོབ་ཐང་ལ་ཇི་ཙམ་རྩིས་མེད་རྡོག་རོལ་བཏང་བའི་པར་རིས་ངོ་མ་འགེབ་སྲུང་བྱེད་ཐབས་ཀྱི་བྱ་སྤྱོད་ནི་རྒྱ་ནག་ལ་མཚོན་ན་འོས་འཚམས་ལྡན་པ་ཞིག་ཤིག་རྩ་བ་ནས་མིན།  

རྩོམ་པ་པོ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ། རྩོམ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་དྲ་གནས།

Share this:
༤༠༩ ཀློག་གྲངས།