རྒྱལ་ཁབ་ཆུང་ཆུང་ཞིག་གིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་འདུག 

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་དུ་དཔལ་འབྱོར་དང་དམག་ཤུགས་སོགས་ཀྱི་ཤུགས་རྐྱེན་བེད་སྤྱོད་བྱས་ཏེ། ཐའེ་ཝན་རྒྱལ་ཁབ་དེ་རྒྱལ་སྤྱིའི་ནང་ཟུར་དུ་ཕུད་ཐབས་བྱེེད་བཞིན་ཡོད་པ་ལྟར། གྲུབ་འབྲས་ཀྱང་ཐོན་བཞིན་ཡོད་ཀྱང་། ཉེ་ཆར་རྒྱལ་ཁབ་ཆུང་ཆུང་གཅིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཏེ། ཐའེ་ཝན་ལ་རྒྱབ་སྐྱོར་དང་འབྲེལ་ལམ་མུ་མཐུད་ཉར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག 

ཟླ་༩ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༩ པའི་ཚེས་༢༥ ཉིན་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆགས་པའི་མཱར་ཤལ་གླིང་ཕྲན་རྒྱལ་ཁབ་(Marshall Islands) ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། བདུན་ཕྲག་སྔོན་མར་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱིས་འདས་པའི་ལོ་ངོ་༢༠ ཡི་ནང་ཐའེ་ཝན་གྱིས་རྒྱལ་ཁབ་དེར་རྒྱབ་སྐྱོར་བྱས་པར། ཐའེ་ཝན་གཞུང་དང་མི་མང་ལ་བརྩི་མཐོང་ཞུ་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང་། ཐའེ་ཝན་གྱིས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་གཡོ་བ་མེད་པ་ཡོད་པས། རྒྱལ་ཁབ་དེས་ཐའེ་ཝན་དང་མུ་མཐུད་ནས་འབྲེལ་ལམ་ཉར་རྒྱུ་ཡིན་སྐོར་བརྗོད་འདུག། དེ་བཞིན་རྒྱལ་ཁབ་དེའི་སྲིད་འཛིན་ལྕམ་ཧིལ་ཌ་ཡིས་རྒྱ་ནག་གིས་དབང་ཤུགས་དང་མངའ་ཁོངས་རྒྱ་བསྐྱེད་ཀྱི་ཐབས་ལམ་དེ་ནི། མང་གཙོའི་རྒྱལ་ཁབ་ཚང་མས་སེམས་ཁྲལ་བྱེད་ངེས་པ་ཞིག་ཡིན་སྐོར་བརྗོད་འདུག 

བདུན་ཕྲག་སྔོན་མར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སོ་ལོ་མཱོན་གླིང་ཕྲན་(Solomon Islands) རྒྱལ་ཁབ་ཀྱིས། ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་འཛུགས་རྒྱུ་ཐག་གཅོད་བྱས་འདུག་པ་དང་། དེ་ཡང་རྒྱ་ནག་གིས་ཐེའ་ཝན་དང་འབྲེལ་ལམ་བཅད་ཚེ། རྒྱལ་ཁབ་དེའི་ནང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འགྲོ་སོང་ཆེན་པོ་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག  ཉིན་བཞི་ཡི་རྗེས་སུ་ཁུལ་དེའི་རྒྱལ་ཁབ་ཆུང་ཆུང་ཀི་རི་བྷ་ཊི་ཡང་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པས། བདུན་ཕྲག་གཅིག་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་ནང་ཐའེ་ཝན་རྒྱལ་ཁབ་གཅིག་ལ་ངོས་འཛིན་གྱིས་གཞུང་ཐོག་ནས་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་༡༥ ལས་མེད་འདུག 

ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་གྱི་སྲིད་འཛིན་དུ་རང་བཙན་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ལྕམ་ཚེ་དབྱིང་ཝན་འདེམས་ཐོན་བྱུང་རྗེས། རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་དང་གནོན་ཤུགས་འོག ད་བར་རྒྱལ་ཁབ་༧ གྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཡོད་པ་རེད་འདུག 

རྒྱ་ནག་གིས་མཱར་ཤལ་གླིང་ཕྲན་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་པའི་གནད་དོན་དེ་དང་བསྟུན་ནས། ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་དང་མཉམ་ལས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དེ་དག་དངོས་ཡོད་ཕན་ཐོགས་ཆེན་པོ་བྱུང་ཡོད་པས། དངོས་ཡོད་གནས་སྟངས་ཧ་གོ་མཁན་དང་ཕྱོགས་ལྷུང་གི་ལྟ་བ་མི་འཛིན་མཁན་ཚོས། གནས་སྟངས་དེ་གསལ་པོ་མཐོང་གི་ཡོད་སྐོར་བརྗོད་འདུག 

སྤྱིར་ཐའེ་ཝན་ལ་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་གྱིས་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་མང་ཆེ་བ་ནི་ས་ཁོངས་དང་དཔལ་འབྱོར་སྟོབས་ཤུགས། དམག་ཤུགས་སོགས་ཀྱི་ཐོག་ནས་ཆུང་ཆུང་ཡིན་པས། རྒྱ་ནག་གིས་མ་འཛུགས་དང་། དཔལ་འབྱོར་རོགས་རམ་བཅས་ཀྱི་ཁས་ལེན་བྱས་ཏེ། ཐའེ་ཝན་དང་འབྲེལ་ལམ་བཅད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད། རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་དང་། མ་འོངས་པར་དྲག་པོའི་ཐབས་བྱུས་ལ་བརྟེན་དགོས་ཀྱང་ཐེ་ཚོམས་མེད་པར་མངའ་འོག་ཏུ་ཕྱིར་བསྡུ་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད་ལ། ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་ནང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་གྱིས་ཐེ་བྱུས་བྱེད་ཀྱི་ཡོད་པས། ལོ་རྗེས་མའི་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུར་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་མི་ཐོབ་པའི་ཆེད་དུ། གནས་ཚུལ་རྫུན་བཟོ་དང་དྲིལ་བསྒྲགས་ཀྱི་ལས་འགུལ་ཆེན་པོ་སྤེལ་ནས་འོས་བསྡུར་ཤུགས་རྐྱེན་བཟོ་རྒྱུ་ཡིན་པའི་སེམས་འཚབ་དང་དོགས་པ་བྱེད་མཁན་ཐའེ་ཝན་མི་མང་དང་འགོ་ཁྲིད་ཚོས། རྒྱ་ནག་གི་ཐེ་བྱུས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༥༠ ཀློག་གྲངས།