ས་ག་ཟླ་བའི་དམར་ཟས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༩   ཕྱི་ལོ་ ༢༠༡༩/༩ /༢༥
ད་ལྟ་འཚོགས་བཞིན་པའི་གྲོས་ཚོགས་ནང་ས་ག་ཟླ་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་སྤྲོ་སྐྱིད་ཀྱི་གསོལ་ཚིགས་སྐབས་དམར་ཟས་བཏང་བ་དང་། ༧གོང་ས་མཆོག་གིས་སྐུའི་ཞབས་རིམ་ཆེད་ཚེ་ཐར་སྲོག་བླུ་བྱས་པའི་གནས་ཚུལ་དོ་སྙོམ་མི་འདུག་ཅེས། སྤྱི་འཐུས་ཁག་ཅིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ལ་ཆོས་རིག་བཀའ་བློན་གྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོངས་སེལ་ཞུས་ཡོད་པ་དང་། བཙན་བྱོལ་བོད་པའི་གྲོས་ཚོགས་ནང་དཀར་ཟས་དང་དམར་ཟས་སྐོར་གླེང་བ་དང་པོ་མིན་ཡང་། ལས་བྱེད་པ་རྣམས་ཀྱི་སྤྲོ་སྐྱིད་ཀྱི་གསོལ་ཚིགས་ནང་དམར་ཟས་བཏང་བ་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་བྱས་པ་དང་། བཀའ་ཤག་གི་ངོས་ནས་དེ་ལ་དགོངས་སེལ་ཞུས་པ་ནི་གྲོས་ཚོགས་ནང་བྱུང་བའི་གནས་ཚུལ་ཐོག་མ་ཆགས་ཡོད་ཅིང་། གནས་ཚུལ་དེའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་ཤེས་ཐུབ་པ་ཞིག་རེད།
ད་ལྟའི་ཆར་བོད་ནང་དུ་དམར་ཟས་སྤྱོད་རུང་དང་མི་རུང་གི་ཐོག་ནས་ཧ་ཅང་རྣོ་ངར་ཅན་གྱི་རྩོད་པ་མང་པོ་འགྲོ་བཞིན་ཡོད་པ་དང་། སེམས་ཅན་གྱི་ཚེ་སྲོག་དང་ཆོས་ཕྱོགས་ཀྱི་གལ་གནད་ཆེན་པོ་ཞིག་གི་ཐོག་ནས་བལྟས་ན་གནད་དོན་དེ་ནི་ཕྱོགས་གང་ནས་བལྟས་ཀྱང་ངེས་པར་དུ་བགྲོ་གླེང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བགྲོ་གླེང་མང་པོ་གནང་བའི་མཐའ་མ་ལ་གནད་དོན་དེ་ནི་ཆོས་བརྒྱུད་ཀྱི་ཁྱད་པར་ཡིན་པ་ལྟ་བུའི་ངོ་བོར་འགྱུར་བཞིན་ཡོད་པ་ནི། བགྲོ་གླེང་གནང་མཁན་དང་། རྗེས་སུ་འཇུག་མཁན་རྣམས་ཀྱི་བགྲོ་གླེང་བྱེད་སྐབས་གནད་དོན་ལས་བགྲོ་གླེང་གནང་མཁན་གྱི་གང་ཟག་གཙོ་བོར་འཛིན་དྲགས་པ་ཞིག་ཡིན་ངེས་པ་ལས། དམར་ཟས་ཀྱི་གནད་དོན་ཐོག་ནས་བཤད་ན་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཁོ་ནའི་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན།  ད་ལྟའི་ཆར་བགྲོ་གླེང་དེའི་ཁ་ཕྱོགས་ཕལ་ཆེ་བ་འགྱུར་ནས་དམར་ཟས་བསྟེན་རུང་མིན་ཡང་ཆོས་བརྒྱུད་ཕན་ཚུན་གྱི་འགྲན་རྩོད་ཡིན་པའི་རྣམ་པ་ལྟ་བུ་ཆགས་ཡོད་པ་ནི། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་གནད་དོན་ཞིག་ཏུ་གྱུར་ཡོད་སྙམ།
ད་དུང་བོད་ནང་དུ་དགེ་བཤེས་སྐད་གྲགས་ཅན་ཞིག་གིས་“ཤ་ཟོས་པར་སྡིག་པ་མེད་པ་དང་། སྡིག་པ་ཡིན་ན་བཅས་པའི་སྡིག་པ་དང་། རང་བཞིན་གྱི་སྡིག་པ་གཉིས་ཀྱི་ཁོངས་སུ་མ་འདུས་པ་ཞིག་མེད་པ། ཤ་ཟོས་པ་དེ་གཉིས་ཀ་མིན་པ་མ་ཟད། སངས་རྒྱས་ཀྱིས་ཤ་ཟ་མི་རུང་ཞེས་མ་བཀག་པ་ཞིག་ལ་རྗེས་འཇུག་པ་ཚོས་ཤ་ཟ་མི་རུང་བར་བརྗོད་པ་ནི། ཆོས་སྤོང་གི་ལས་ཡིན་”ཚུལ། མདོ་སྡེ་ཁག་ཅིག་ཏུ་ཤ་ཟ་མི་རུང་ཚུལ་གསུངས་པ་ཡོད་ཀྱང་། དེ་དྲང་དོན་ཡིན་པ་ལས་ངེས་དོན་མིན་པ། གསུང་ཡུལ་ཡང་སྲིན་པོ་ཡིན་པ་ལས་མི་མིན་ཚུལ་སོགས་བརྗོད་མཁན་ཡང་འདུག དེའི་ལྡོག་ཕྱོགས་ནས་ཤ་ཟོས་པར་སྡིག་པ་ཆེ་ཚུལ་བརྗོད་མཁན་དག་གིས་དེ་ལས་ཀྱང་མང་བའི་རྒྱུ་མཚན་དྲངས་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ས་ག་ཟླ་བའི་ནང་གཞུང་འབྲེལ་གྱི་གསོལ་སྟོན་དུ་དམར་ཟས་ཡོད་པར་སྐྱོན་བརྗོད་བྱེད་མཁན་བཞིན་ཞིག་བཙན་བྱོལ་བོད་པའི་གྲོས་ཚོགས་ཙམ་ལས། འཛམ་གླིང་གི་སྤྱི་ཚོགས་གང་དུའང་ཡོད་ཚོད་མ་རེད། སྤྱིར་ཤ་ཡི་ཁ་ཟས་ཟ་དང་མི་ཟ་དེ་གང་ཟག་སྒེར་སོ་སོའི་རང་དབང་ཡིན་པ་ལས། གཞུང་གི་གཏན་འབེབས་བྱེད་ཆོག་པ་ཞིག་ཀྱང་གཏན་ནས་མ་རེད།
འཕྲོད་བསྟེན་གྱི་ཐོག་ནས་བཤད་ན་སྨན་པས་ནད་པ་ལ་ཁ་ཟས་འདི་དང་འདི་ཟ་བ་ལས། འདི་དང་འདི་ཟ་མི་ཆོག་པའི་བཀག་འདོམས་བྱེད་ཆོག་པ་དང་། དེ་ནི་ནད་པ་དེ་ནད་ལས་གྲོལ་ཐུབ་པའི་ཆེད་དུ་དམིགས་ཡོད་པས་ཡིན། གཞན་དཀར་ཟས་དམར་ཟས་ཟ་དང་མི་ཟ་ནི་གང་ཟག་སྒེར་སོ་སོའི་རང་དབང་ཁོ་ན་ལས། དེ་ལ་གཞུང་འབྲེལ་གྱིས་ཤ་ཟ་མི་ཆོག་པ་དང་། ཤ་གཏོང་མི་ཆོག་པའི་བཀག་འདོམས་བྱེད་དགོས་ན་དེ་གཞི་རྩའི་རང་དབང་རྡོག་རོལ་བཏང་བ་ཞིག་ཏུ་གྱུར་ཡོད། ཤ་ཟ་མཁན་ཡོད་ན་གཏོང་དགོས་པ་དང་། ཤ་མི་ཟ་མཁན་ཡོད་ན་དེ་ལུགས་ཀྱིས་ཁ་ཟས་གོ་སྒྲིག་བྱེད་དགོས་པ་དེ་ཡང་ཁོར་ཡུག་དེའི་བབས་ལ་བལྟ་དགོས་པ་ཞིག་རེད། སྤྱིར་བོད་པ་དེ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་བཤད་ན་ས་ག་ཟླ་བའི་ནང་དམར་ཟས་མི་ཟ་བའི་གོམས་སྲོལ་ཡོད་མཁན་ཡང་མང་པོ་ཡོད་པ་དང་། ས་ག་ཟླ་བ་ཡིན་ཡང་དམར་ཟས་ཟ་མཁན་ཡང་མང་པོ་ཡོད་པའང་དངོས་ཡོད་ཡིན་པས། གཞུང་འབྲེལ་གྱི་གསོལ་སྟོན་སྐབས་དམར་ཟས་བཀག་དགོས་པའི་ལྟ་ཚུལ་བཟུང་ན་དེ་ཕྱོགས་གང་ནས་བལྟས་ཀྱང་མི་འོས་པ་ཞིག་རེད།
མདོར་ན་ད་ལན་གྲོས་ཚོགས་སུ་ས་ག་ཟླ་བའི་ནང་གསོལ་སྟོན་སྐབས་དམར་ཟས་བཏང་བ་ནོར་འཁྲུལ་ཡིན་པའི་དགོངས་ཚུལ་གསུངས་མཁན་ནང་། རང་ཉིད་ས་ག་ཟླ་བར་དམར་ཟས་ཟ་མཁན་ཡིན་པའང་ཡོད་ལ། གླེང་སློང་དེ་ཡང་ཆོས་ཕྱོགས་དང་སེམས་ཅན་གྱི་ཚེ་སྲོག་དང་འབྲེལ་ནས་ཡིན་པ་ཞིག་ཏུའང་ངོས་འཛིན་ཅུང་བྱེད་དཀའ་བ་ཞིག་རེད། ད་ལྟའི་གྲོས་ཚོགས་ནང་བཀའ་ཤག་ལ་བསྔགས་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པས། ས་ག་ཟླ་བའི་ནང་ལས་བྱེད་གསོལ་སྟོན་སྐབས་དམར་ཟས་བཏང་བ་ཙམ་ལས་སྐྱོན་བརྗོད་བྱེད་ཡུལ་གཞན་མེད་ན་དེ་ནི་ཕྱོགས་གང་ནས་བལྟས་ཀྱང་འཛིན་སྐྱོང་ལ་བསྔགས་བརྗོད་དུ་གྱུར་ཡོད་པས། ཆོས་རིག་བཀའ་བློན་གྱིས་དགོངས་སེལ་ཞུས་པ་དེ་ཡང་ཚུལ་དེ་ལ་བརྟེན་ནས་ཡིན་སྲིད། མདོར་ན་སྲིད་གཞུང་ཞིག་གི་ལས་དོན་དེ་དད་པ་ཡོད་མེད་དང་། ཤ་ཟ་མིན་ཙམ་ལ་རག་ལས་མེད་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་གནད་དོན་འདིའི་རིགས་ལ་དོ་སྣང་དང་དོགས་ཟོན་ཡག་པོ་ཞིག་བྱེད་མ་ཐུབ་པར་ཉ་ཉུང་བསྲེ་རྒྱུ་མང་སོང་ན་ཕྱི་ནས་ཁྲེལ་དགོད་བྱེད་མཁན་ཡང་མང་པོ་ཡོང་སྲིད་པ་རེད།
Share this:
༣༧༢ ཀློག་གྲངས།