བཙན་མགོ་བསོད་ནམས་འཕེལ་དར་གྱི་མི་ཚེའི་སྐྱིད་སྡུག་གི་མྱོང་བ་མདོར་སྡུས། 

བཙན་མགོ་བསོད་ནམས་འཕེལ་དར་ནི་ནགས་ཤོད་འབྲི་རུའི་སུམ་སྟོང་བརྒྱད་བརྒྱའི་ལྷ་དམག་གི་ཁོངས་སུ་ཞུགས་ནས་རྒྱ་དམག་དང་དངོས་སུ་འཐབ་འཛིང་ཐེངས་མང་བྱེད་མྱོང་མཁན་གྱི་བོད་ཀྱི་རྒྱལ་གཅེས་དཔའ་བོ་མིག་དཔེར་འོས་པ་ཞིག་ཡིན།

ཁོང་དང་ཁོང་འདྲ་བའི་དཔའ་བོ་རྣམས་ཀྱི་ལོ་རྒྱུས་ཡིག་ཐོག་ལ་འགོད་རྒྱུར་དཔའ་བོ་ཚོ་རྗེས་དྲན་ཞུ་སྟངས་ཡག་ཤོས་དང་། བོད་མི་གཞོན་རབས་ཚོར་རྒྱལ་ཞེན་མི་བརླགས་པའི་སློབ་ཚན་ཡག་ཤོས་དེ་རེད་བསམ་གྱི་འདུག།ཁོང་དང་ཁོང་འདྲ་བའི་ལོ་རྒྱུས་བོར་བརླགས་བྱུང་ཚེ་བོད་ཀྱི་ལོ་རྒྱུས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ངས་ཁོང་གི་ལོ་རྒྱུས་འདི་བྲིས་པ་ཡིན།

ཁོང་འཁྲུངས་པའི་ཡུལ་ནི་ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པ་ལས་མདོ་སྟོད་འཛིན་མའི་ལྟེ་བར་ཤག་རོང་པོ་དགོན་གྱི་ཉེ་ཁོར་གེ་སོ་ཞེས་པའི་ས་ཆ་དེར་ཕའི་རིགས་རུས་ནི་བཙན་མགོ་ཕ་ཤོག་བཅོ་བརྒྱད་དུ་གྲགས་པའི་རྒྱུད་པ་བཙན་མགོ་གྲགས་རྒྱས་བྱ་བའི་བུ། ཡང་དགོན་བླ་དགའ། གྲུ་བ་གྲུ་ཉིད། ཚེ་དབང་རིན་ཆེན། བུ་མོ་ཨ་ཅེ་བཅས་མིང་སྲིང་བཞི་ཡོད་པའི་ནང་གི་བཙན་མགོ་ཚེ་དབང་རིན་ཆེན་ཟེར་བ་སྔགས་འཆང་། རྨིས་ལྟས་བརྟག་མཁས་པ་ཞིག་ཡིན་པ་དང་། ཨ་མའི་མིང་ལ་ལྷུག་ལྷུག་ཟེར།

ཁོང་གཉིས་ལ་བུ་གཉིས་ཡོད་པ་ཆེ་བ་བསོད་ནམས་འཕེལ་དར་དང་། ཆུང་བ་ངག་དབང་རྒྱལ་མཚན་ཡིན། བཙན་མགོ་བསོད་ནམས་འཕེལ་དར་ལོ་ན་བཅུ་བཞི་སོན་སྐབས་རང་ཡུལ་ཁ་བ་ཅན་དུ་དུས་ངན་ནག་པོའི་རླུང་འཚུབ་ཀྱིས་སྤུན་ཟླའི་ཚེ་སྲོག་དཀར་པོ་ཕྱོགས་མཐར་གཏོར་བའི་སྐབས་དང་ཁེལ་བས་ལས་དབང་བཙན་པོ་ཞིག་གིས་གོམ་ཁ་དེ་རང་གི་ཨ་ཕའི་སྤུན་ཡང་དགོན་བླ་དགའི་བུ་འཇིགས་མེད་འོད་ཟེར་དང་། འཇིག་འཇིག་གཉིས་ཀྱི་མཉམ་དུ་དམག་སར་བསྐྱོད་དགོས་བྱུང་།

སྐབས་དེ་དུས་བསོད་ནམས་འཕེལ་དར་ལོ་ན་བཅུ་བཞི་ལས་མ་སོན་ཡང་གངས་ལྗོངས་མུན་ནག་གིས་འཇིག་ལ་ཉེ་བས་སྐྱེས་པ་ཕོ་ཞིག་ཡིན་ན་གདམ་ག་དེ་ལས་མེད་པའི་རྐྱེན་དབང་གིས་མེ་ཏོག་ལྟར་དུ་བཀྲ་བའི་བྱིས་དུས་ཀྱི་ལང་ཚོ་དེ་སྐྱི་གཡའ་བའི་དམག་འཁྲུག་གི་ནང་དུ་མི་སྐྱེལ་ཀ་མེད་བྱུང་བས་ཚེ་སྲོག་ལ་མ་འཛེམས་པར་རང་ཡུལ་ཁ་བའི་ལྗོངས་ཀྱི་བསྟན་སྲིད་དང་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་ཁ་བ་ཅན་ལ་གདན་འདྲེན་ཞུ་བའི་སླད་དུ་དམག་ལ་ཕྱིན། སྐབས་དེར་ཕྱི་ལོ་༡༩༦༩ ལོ་དང་ཏག་ཏག་ཁེལ་ཡོད་པ་རེད།

སྤྱིར་རང་ཡུལ་ཁ་བའི་ལྗོངས་སུ་ང་དགུ་དང་རེ་དགུ་སོགས་ཀྱི་སྐབས་སུ་མདོ་དབུས་ཁམས་གསུམ་ཡོངས་སུ་ཆེ་ས་མ་སྐུལ་དང་བླངས་ངང་སྒྲིག་འཛུགས་ཡོད་པའི་དམག་དང་ཆུང་ས་མི་སྒེར་རེ་གཉིས་ལས་གྲུབ་པ་སྐེ་རགས་ཐད་དུ་སྡོམ་མཁན་ཕོ་རྒོད་ཤ་སྟག་ཡོད་པ་ལས་གྲགས་ཆེ་བ་ཆུ་བཞི་སྒང་དྲུག་དམག་དང་། སོག་སྡེའི་དམག། རྒྱ་སྟོན་དཔལ་འབར་གྱི་དམག ནགས་ཤོད་འབྲི་རུའི་སུམ་སྟོང་བརྒྱད་བརྒྱའི་དཀར་པོའི་ལྷ་དམག་བཅས་ཡོད་པ་ལས་གཅིག་དགུ་རེ་དགུའི་ལོར་དབུ་བརྙེས་པའི་སུམ་སྟོང་བརྒྱད་བརྒྱའི་དཀར་པོའི་ལྷ་དམག་ནང་དུ་ཁོང་ཁུ་ཚན་རྣམས་འཛུལ་ཞུགས་བྱས།

སུམ་སྟོང་བརྒྱད་བརྒྱའི་ལྷ་དམག་ཞེས་པ་ནི་ནགས་ཤོད་སྟོད་སྨད་བར་གསུམ་གྱིས་མ་སྐུལ་དང་བླངས་ཀྱིས་བཙུགས་པའི་ཚོགས་པ་ཞིག་ཡིན་ལ། རྒྱ་དམག་དང་དངོས་སུ་རྒོལ་འཛིང་བྱས་ཏེ་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་ཡོད་པ་དང་། བོད་ལྗོངས་སུ་སྐད་གྲགས་ཆོད་པའི་གུང་རྒོལ་ཚོགས་པ་ཞིག་རེད། རྒྱ་མིས་དེ་ལ་ཟིང་འཁྲུགས་ཞེས་མིང་བཏགས་ཏེ་དམར་གསོད་ཚད་ལས་འདས་པ་ཞིག་བཏང་བ་རེད། ཚོགས་པ་དེའི་ནང་དུ་ཤག་ཝ་ཐང་དགོན་གྱི་བསྟན་བདག་འབྲོང་ངུར་ཆོས་རྗེ་སྐུ་འཕྲེང་བཅོ་ལྔ་པ་གྲུབ་དབང་བསྟན་འཛིན་འགྲོ་འདུལ་དང་། སྙུང་གནས་བླ་མ་ངག་དབང་སྦྱིན་པ། འབྲོང་སྣ་དགོན་གྱི་སྐུ་རྟེན་བསྟན་འཛིན་ཡེ་ཤེས་འབྱུང་གནས་དང་བཅས་མི་སྣ་གཙོ་གྲས་འགའ་ཡོད་པ་དེ་དག་ལས་སྐབས་འདིར་འབྲེལ་ཆེ་བ་འབྲོང་ངུར་ཆོས་རྗེའི་སྐོར་ཅུང་ཟད་བརྗོད་རྒྱུ་ཡིན།

རིན་པོ་ཆེ་སྐུ་འཁྲུངས་ཡུལ་ནི་མདོ་སྟོད་འཛིན་མའི་ལྟེ་བར་ཤག་རོང་པོ་དགོན་གྱི་ཉེ་འཁོར་གོང་གསུམ་ལྷས་མོ་ཆེ་ཞེས་པའི་ས་ཆ་དེ་ཡིན། རུས་ནི་ཡབ་ཚང་ཞེས་པ་རིགས་རུས་ཕུན་སུམ་ཚོགས་པ་རིས་མེད་ཀྱི་སྤྲུལ་སྐུ་མང་པོ་འཁྲུངས་པའི་ཁྱིམ་དུ་ཕྱི་ལོ་༡༩༢༣ ལོར་ཡབ་རྒྱ་སྟོན་སྤྲུལ་སྐུ་དང་ཡུལ་དཔལ་བཟང་གཉིས་ཀྱི་སྲས་སུ་གོང་གསུམ་ལྷས་མོ་ཆེར་ངོ་མཚར་དུ་མ་བཅས་སྐུ་འཁྲུངས་པ་ཞིག་དང་། མཁས་དང་གྲུབ་པའི་ཆ་ནས་མངོན་པར་མཐོ་བའི་བླ་མ་ཞིག་ཡིན་པ་དང་། ལྷག་པར་དུ་གངས་ལྗོངས་དཔའ་བོ་རྣམས་དམག་སར་བསྐྱོད་སྐབས་ཕ་རོལ་པོའི་མཚོན་ཆ་ལས་སྲུང་ཆེད་མཚོན་སྲུང་འགྲན་ཟླ་བྲལ་བ་གནང་མཁན་ཞིག་ཡིན། ཞིབ་པར་མཁྱེན་འདོད་ན་ཚེས་གཉིས་ཟླ་བའི་འོད་ཟེར་ཞེས་པ་སོགས་རྣམ་ཐར་ཡོད་པ་དེ་དག་ལ་གཟིགས་པར་ཞུ། རེ་དགུ་ལོའི་དགུན་སྟོད་ཙམ་ནས་འབྲོང་ངུར་ཆོས་རྗེའི་གཙོས་ཆ་འཕྲེང་ཡེ་ཤེས་བསྟན་པ། ཡབ་དཀར་ཡག།སྐྱེན་པ་གྲགས་པ། དབོན་པོ་སྦྲ་ཆུང་ཨ་ཕོ་སོགས་ཀྱིས་སྣེ་ཁྲིད་རྒྱ་རྒོལ་དཀར་པོའི་ལྷ་དམག་ལྔ་བཅུ་སྐོར་ཐོག་མར་བ་ལུང་དུ་སྒར་བཏབ་ནས་དུས་ཡུན་རིང་ཙམ་བཞུགས།

རྟ་དམག་ཉིས་བརྒྱ་ཡས་མས་ཤིག་དེར་འདུས་པས་རིན་པོ་ཆེ་སྐུ་འཁོར་རྣམས་བྱི་རོའི་མཚོ་ལུང་དུ་ཡུན་རིང་ཙམ་བཞུགས། སྐབས་དེར་བཙན་མགོའི་བསོད་ནམས་འཕེལ་དར་ཁུ་ཚན་སོགས་ཀྱང་མཉམ་ཞུགས་ཀྱིས་དགྲ་བོ་དང་ཐེངས་མང་གཡུལ་འཁྲུག་བྱས། བཙན་མགོའི་བསོད་ནམས་འཕེལ་དར་ནི་དམག་རྣམས་ཀྱི་ནང་ནས་ལོ་ན་ཆུང་ཤོས་ཡིན་པས་འབྲོང་ངུར་ཆོས་རྗེ་མཆོག་གི་དམིགས་བསལ་གྱིས་གཟིགས་པ་དང་མཚོན་སྲུང་བཅས་གནང་ཡོད་པའི་མ་ཚད་མ་འོངས་མི་ཚེའི་སྐོར་ལ་མངོན་གཟིགས་ཀྱིས་བཀའ་ཡང་གནང་མྱོང་ཡོད་འདུག

བྱང་རྒྱབ་ནས་ཉི་མ་དང་ཟླ་བ་མང་པོར་དགྲ་རྒོལ་བྱས་ཤིང་སྐུ་འཁོར་ཚང་མ་རི་ཡིབ་བྱས་མཐར་རིན་པོ་ཆེའི་བཀའ་ལྟར་ལྷ་དམག་གི་ཕྱེད་ཀ་བྱིས་ཚང་རི་བོ་རུ་བསྡད། ཕྱེད་ཀ་རིན་པོ་ཆེའི་མཉམ་དུ་མེ་མོ་བྲག་དཀར་དུ་ཕྱིན་ནས་ཟླ་བ་གཅིག་ཙམ་སྒྲུབ་ཕུག་ཏུ་བསྡད། སྐབས་དེར་རིན་པོ་ཆེས་ཕུར་སྒྲུབ་གནང་ཞིང་དེར་ཡོད་ཚོར་ཆོས་འབྲེལ་བྱས། མཐར་མེ་མོ་ནས་རྒྱ་དམག་གིས་མཐའ་སྐོར་ནས་རིན་པོ་ཆེ་སྐུ་འཁོར་ཕལ་མོ་ཆེ་འདི་ནས་འཇུ་བཟུང་བྱས་རྗེས། བཙན་མགོའི་འཕེལ་དར་དང་། རང་གི་སྤུན་འཇིགས་མེད་འོད་ཟེར་དང་། འཇིག་འཇིག་བཅས་མཉམ་དུ་དེ་ནས་བྲོས་ཐར་བྱུང་བ་དང་། ཉིན་མཚན་སྟུད་མར་དམག་འཁྲུག་གི་ནང་དུ་བསྐྱོད་ནས་མཐར་སྨྲི་ཏི་ཁར་ཕོ་མཚོ་སྟོད་དུ་ཆགས་པའི་དམག་དཔུང་ནང་དུ་ཞུགས།

སྨྲི་ཏིའི་ཕོ་མཚོ་སྟོད་དུ་ཉིན་མང་པོར་ཤི་བསད་ཁྲག་གི་འཁོར་ལོ་སྐོར་རེས་བྱས་པའི་ནང་དུ་རང་གི་སྤུན་ཟླ་གཉིས་སྔ་ཕྱི་ལྟར་རྒྱ་དམག་གི་མེ་མདའི་འོག་ཏུ་ཤོར་བའི་མ་ཚད་སྤུན་གཉིས་སུ་ཡིན་མ་ངེས་ཀྱང་༼དོ་བདག་ལས་ཐོས་མྱོང་ཡང་ད་ལྟ་བརྗེད་ཟིན། ཡི་གེ་འབྲི་བ་པོས།༽ཞོགས་པ་ཞིག་ཏུ་བཙན་མགོའི་འཕེལ་དར་རང་གི་མིག་གིས་མཐོང་སར་མེ་མདའ་ཐེབས་ནས་ས་ལ་གཡུག་སྐབས་འཕེལ་དར་གྱིས་རང་གི་སྤུན་ལ་མེ་མདའ་ཐེབས་པར་མནོན་མི་ཐུབ་པའི་ང་རྒྱལ་གྱིས་རྒོལ་འཛིང་བྱས་ནས་སྤུན་གྱི་ཚེ་སྲོག་སྐྱོབ་ཐབས་ལ་འབད་སྐབས་རྨས་སྐྱོན་ཕོག་པའི་སྤུན་གྱིས་སྤུན་ཆུང་ང་ནི་མེ་མདས་རྨས་ཚབས་ཆེ་བས་གསོན་པའི་རེ་བ་མི་འདུག

དེ་ལས་ཁྱོད་རང་ཚེ་སྲོག་ལ་སྲུང་སྐྱོབ་བྱས་ནས་རྒྱ་དམག་གི་ལག་ཏུ་མ་ཤོར་བ་བྱ་རོགས་ཞེས་ཞུ་བ་ནན་གྱིས་བྱས་པས་ཚེ་སྲོག་གི་འབྲེལ་ཐག་གཅིག་པའི་སྤུན་ཟླ་གཉིས་དང་ཤི་བྲལ་གྱི་ལས་ལ་ལྡོག་ཐབས་མེད་པར་གྱུར། ལས་དབང་བཙན་པོ་ཞིག་གི་བཀོད་སྒྲིག་ལས་གཡོལ་དུ་མེད་པའི་རྐྱེན་ངན་དེ་ལྟ་བུ་བྱུང་བ་ནི་སེམས་ཀྱིས་བཟོད་ཀྱང་སས་མི་ཐེག་པ་ལྟ་བུ་ཞིག་ཏུ་ལོས་ཡིན། དེ་ལྟའི་སྐྱི་གཡའ་བའི་དམག་འཁྲུག་དེ་ཉི་མ་དམར་ཐག་ཆོད་ཆོད་བར་དུ་ཉིན་མང་པོར་འཛིང་རེས་བྱས་པས་མཐར་མང་སྣེ་ཉུང་གིས་མ་ཁེབས་པར་རང་ཕྱོགས་ཀྱི་སྤུན་ཟླ་ཕལ་ཆེ་བའི་ཚེ་སྲོག་རྒྱ་དམག་གི་མཚོན་འོག་ཏུ་ཤོར།

བསོད་ནམས་འཕེལ་དར་ལ་རྟ་ཕོ་སྤུ་མདོག་མོག་པོ་ཅན་ཞིག་ཡོད། རྒྱ་དམག་གི་མེ་མདའི་རྡེའུ་རྟའི་ལུས་ལ་ཐེབས་དུས་ཐལ་ལ་ཚུབ་ཚུབ་བྱེད་ཅིང་རྟ་ཕོ་འཚེར་སྐད་ཡང་ཤོར་གྱི་འདུག་ཅེས་བསོད་ནམས་འཕེལ་དར་རང་ཉིད་ཀྱིས་དེ་ལྟར་ཤོད་ཀྱི་ཡོད། འོན་ཀྱང་རྨས་སྐྱོན་མི་འབྱུང་བ་ནི་འབྲོང་ངུར་ཆོས་རྗེས་གནང་བའི་མཚོན་སྲུང་རྟའི་རྐེ་ལ་བཏགས་ཡོད་པས་རྨས་སྐྱོན་མི་འབྱུང་བས་རྟའི་ཚེ་སྲོག་ལ་བར་ཆད་མ་བྱུང་བ་དང་། མ་ཚད་བཙན་མགོའི་འཕེལ་དར་རང་ཉིད་ལའང་མཚོན་སྲུང་ལུས་ལ་བཅངས་ཡོད་པས་དགོང་མོའི་དམག་ཐག་ཆོད་དུས་ཕྱུ་བའི་རུམ་ནས་མདེའུ་རོ་ཆག་ཆག་སར་ལྷུང་རྒྱུ་ཡོད་པར་བརྗོད་ཀྱི་ཡོད།

དེ་ལྟ་བུའི་དམག་འཁྲུག་རྗེས་ཀྱི་སྨྲི་ཏིའི་ཕོ་མཚོ་སྟོད་ནི་མི་རྟ་མང་པོ་བསད་བསད་ཁྲག་གི་འཁོར་ལོ་སྐོར་བས་ཡིད་འོང་གི་ས་མཐོ་དེར་རེ་ཞིག་བཤིན་ཐང་ལྟར་དུ་གྱུར་ནས་མི་རུས་རྟ་རུས་ཀྱིས་ས་ཆ་དེར་ཁེངས་པའི་མ་ཚད་དགོང་མོའི་ཉི་མ་མཚམས་སྤྲིན་གསེབ་ཏུ་བཤོལ་སྐབས་གཟུགས་མེད་རྣམ་ཤེས་ཀྱི་ཀི་སྒྲས་ས་གཞི་བཀངས་བའི་ངག་རྒྱུན་ཤོད་མཁན་ཡང་ཡོད། ཡིན་ཡང་ད་ལྟའི་གནས་སྐབས་མི་རུས་དང་རྟ་རུས་ཕལ་ཆེ་བ་མཚོའི་ནང་དུ་གཡུག་ཟིན་པས་མིག་ཏུ་མངོན་རྒྱུ་མེད་པར་གྱུར་ཟིན། “ཆ་འཕྲེང་ཡེ་ཤེས་བསྟན་པ་འདིར་བསད་པ་རེད་ཅེས་ཤོད་སྲོལ་འདུག”

དམག་མཇུག་བསྒྲིལ་རྗེས་རང་ཕྱོགས་སྤུན་ཟླ་ཉུང་ཤས་ལས་མ་ལྷག་པས་རུ་སར་རྒྱལ་སྲས་དང་། བཙན་མགོའི་བསོད་ནམས་འཕེལ་དར་བཅས་མི་ཉུང་ཤས་ཤིག་ཕོ་མཚོ་སྟོད་ལས་ཁ་བྲལ་ནས་མེ་མདས་སྐད་སྒྲ་རྒྱུན་མ་ཆད་པར་ཉིན་མཚན་སྦྲེལ་ནས་རང་ཡུལ་ཕྱོགས་སུ་བསྐྱོད། བཙན་མགོ་བསོད་ནམས་འཕེལ་དར་རང་ཉིད་ཀྱི་སྤུན་གཉིས་ཀྱིས་གཙོས་འཐབ་གྲོགས་ཕལ་ཆེ་བ་སྨྲི་ཏིའི་ཕོ་མཚོ་སྟོད་དུ་དམག་འཐབ་ནང་དུ་ཚེ་སྲོག་ཤོར་བས་བརྗོད་མེད་ཀྱི་ཚོར་སྣང་ཞིག་གིས་ལམ་བར་དུ་ཡོང་སྐབས་ས་གཞི་ཡང་དམར་པོ་སྣང་བ་དང་། རྣ་བའི་ནང་དུ་ཉིན་མང་པོ་མེ་མདའི་སྐད་སྒྲ་མ་ཡལ་བ་ལྟ་བུའི་ཚོར་བ་ཡོང་གི་འདུག་ཅེས་བཙན་མགོའི་འཕེལ་དར་རང་ཉིད་ཀྱིས་དེ་ལྟར་བརྗོད་བཞིན་ཡོད།

དེ་ནས་བཙན་མགོ་བསོད་ནམས་འཕེལ་དར་དང་། རུ་སར་རྒྱལ་སྲས་བཅས་མི་འགའ་ཉིན་མཚན་མང་པོར་ལ་ལུང་བརྒལ་ནས་ནགས་ལྷའི་རི་རྒྱུད་དུ་འབྱོར་བས་ནགས་ལྷའི་དབུར་རྦུག་ཞེས་པའི་རྫ་གསེབ་དེར་ཉིན་ཤས་འཛུལ་སྐབས། རྒྱ་དམག་གིས་རྗེས་འདེད་བྱེད་བཞིན་ཡོད་པར་བརྟེན་ཉིན་ཤས་རྗེས་བྱིས་རོའི་ཕྱོགས་སུ་ཡར་ཡོང་། བཙན་མགོའི་བསོད་ནམས་འཕེལ་དར་གྱི་མེ་མདའི་མདེའུ་ཡང་རྫོགས་པས་རྒོལ་འཛིང་བྱ་བྱེད་མཚོན་ཆ་གྲི་གཅིག་དང་ལག་རྒྱོགས་གཉིས་ལས་མ་ལྷག་པས་མ་ཚད་ཡུལ་ཡོངས་རྫོགས་དམག་གིས་བཀང་ནས་ངོ་ལོག་ཟིངས་འཁྲུག་རྩ་གཏོར་དགོས་ཟེར་ནས་བཙན་མགོའི་འཕེལ་དར་དང་རུ་སར་རྒྱལ་སྲས་འཛིན་བཟུང་དགོས་པའི་བརྡ་ཡིག་བཀྲམ་པར་བརྟེན་ཉིན་མང་པོར་བྱིས་རོའི་རྫ་གསེབ་ནས་གབ་དགོས་བྱུང་།

རྒྱ་དམག་གིས་ས་ཆ་དེར་ཡོད་པ་ཤེས་རྗེས་ཡུལ་དམག་ཟེར་བ་འགའ་ཞིག་གིས་འཛིན་བཟུང་བྱས་ནས་རྡུང་རྡེག་ཚད་མེད་བྱས་པའི་མ་ཚད་ཁྱོད་རང་མཚོན་འགྲོ་གི་མ་རེད་ཟེར་འདུག ང་ཚོས་ལྟ་དགོས་ཟེར་ནས་གྲིའི་རྩེས་ལུས་པོའི་སྟེང་དུ་རྩེ་བཤག་འགའ་བྱས་བའི་སྐོར་བསོད་ནམས་འཕེལ་དར་རང་ཉིད་ཀྱིས་བརྗོད་ཀྱི་ཡོད།

འཛིིན་བཟུང་བྱས་རྗེས་སུ་མཐར་ཉེས་ཅན་པའི་ཞྭ་མོ་གཡོག་ནས་བཙོན་ཁང་དུ་ལོ་མང་བཅུག སྲིད་ཇུས་གུ་ཡང་ཞེས་པའི་མིང་འདོགས་ལས་བཙོན་གྲོལ་ཐོབ་ནས་རང་ཡུལ་ལུང་པར་ཁྱིམ་ཐབས་བཟུང་ནས་རང་ཡུལ་གྲོང་ཚོའི་ལུང་པར་ཡུལ་མི་ཉམས་ཐག་རྣམས་ལ་རོགས་རམ་བྱེད་པའི་གྲོས་མགོ་འདོན་པ་སོགས་རྒྱུན་དུ་རང་རིགས་ལ་ཞེན་པ་དཀར་པོ་བྱེད་མཁན་ཞིག་ཡིན། འོན་ཀྱང་ལོ་ན་ལྔ་བཅུ་ཙམ་ནས་ཕྱི་ལོ་༢༠༠༡ ལོར་གློ་སྐྱོན་གྱིས་རྐྱེན་པའི་ཚེ་ལས་འདས། ཤུལ་དུ་ལུས་པ་གཟའ་ཟླ་དང་བུ་གསུམ་དང་བུ་མོ་གཅིག་བཅས་ཡོད་པ་བཅས་བཙན་མགོའི་བསོད་ནམས་འཕེལ་དར་གྱི་ལོ་རྒྱུས་མདོར་བསྡུས་སུ།།

བོད་རྒྱལ་ལོ་༢༡༤༧ ལོའི་ཟླ་༥ ཚེས་༡༦ ཕྱི་ལོ་༢༠༡༩ ཟླ་༧ ཚེས་༡༨ ཉིན། བཙན་མགོ་བསོད་ནམས་འཕེལ་དར་གྱི་བུ་གེ་སོ་བློ་བཟང་གིས་ཕ་ཡི་ལོ་རྒྱུས་ཞིག་འབྲི་དགོས་པའི་སྐུལ་བ་བྱུང་བ་ལྟར། ཤག་ལྷ་བདེན་གྱིས་རྒྱལ་གཅེས་དཔའ་བོ་ཁོང་དང་འབྲེལ་འདྲིས་ཆེ་བའི་ས་ནས་ཁོང་གི་མི་ཚེའི་ཀྱག་ཀྱོག་གི་ལོ་རྒྱུས་གང་ཐོས་པ་དེ་ལ་ཁུངས་བཅོལ་ཏེ་སྤེལ།།

Share this:
༤༣༧ ཀློག་གྲངས།