སྐབས་༡༦ པའི་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ མཇུག་བསྒྲིལ།

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི་ལག་བསྟར་ཐུབ་ཆེ་”ས་གནས་སོ་སོ་ལ་ལག་ལེན་བསྟར་ཐུབ་པའི་སྒྲིག་གཞི་ཞིག་བཟོས་པ་ཡིན་ན་ག་འདྲ་འདུག དེ་འདྲའི་ཐོག་ནས་དམིགས་བསལ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ནས་ཞིབ་འཇུག་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་” བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གྲོས་ཚོགས་ཚོགས་དུས་༨པའི་མཇུག་བསྡོམས་ཐོག་གསུངས་སོང་།

ཟླ་འདིའི་ཚེས་༣༠ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨མཇུག་བསྒྲིལ་བ་དང་། ད་ཐེངས་ཀྱི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་གཞུང་འབྲེལ་མྱ་ངན་གུས་བཏུད་རྗེས་དྲན་གྲོས་ཆོད་༩དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་ཆོད་༡།མང་གཙོ་རྩིས་ཁྲ་ཚོགས་ཆུང་དབུ་འཛུགས་དགོས་པའི་གྲོས་ཆོད་གྲོས་འཆར་༡ བཅས་གཞུང་འབྲེལ་གྲོས་ཆོད་གྲོས་ཆོད་༢བཞག་ཡོད་ལ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཅིག  དབུ་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འཛིན་གཅིག་ལྕོགས་བཅས་འོས་འདེམས་བྱས་ཡོད་པ་རེད། དེ་བཞིན་ལས་ཁུངས་ཁག་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་ལན་བྱས་ཡོད་པ་རེད།

གྲོས་ཚོགས་མཇུག་བསྡོམས་ཀྱི་གཏམ་བཤད་ནང་། ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“དེ་རིང་གི་གྲོས་ཚོགས་འདིའི་ནང་ལ་བཀའ་མོལ་གཅིག་ག་རེ་ཡོང་གི་འདུག་ཞུས་པ་ཡིན་ན། ས་ཁང་གི་སྒྲིག་གཞིའི་སྐོར་དེ་ཡོང་གི་འདུགདེར་བརྟེན་ས་ཁང་གི་སྒྲིག་གཞི་དེ་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་གི་དགོས་མཁོ་ཡོད་པ་གཞིར་བཟུང་གིས་ཁྲིམས་འཆར་བཏོན་ནས་གཏན་འབེབས་ཟིན་པ་ཞིག་ཆགས་བསྡད་ཡོད་རེད། དེའི་ཐོག་ལ་འཛིན་སྐྱོང་རབས་དང་རིམ་པས་བསྐྱར་བཅོས་ཀྱི་གྲོས་འཆར་རབས་དང་རིམ་པ་བསླེབས་ནས་འགྱུར་བ་མང་པོ་ཞིག་བཏང་བ་རེད། ད་ལྟ་ཡང་ས་ཁང་གི་སྒྲིག་གཞི་དེའི་ནང་ལ་འཁོད་པ་ཇི་བཞིན་ཞིག་ཕྱག་བསྟར་གནང་ཐུབ་ཀྱི་མེད་པའི་རྣམ་པ་དེ་གསལ་པོ་ཞེ་དྲག་འདུགདེ་ལ་ཡང་བསྐྱར་བསྐྱར་ཞིབ་གནང་ནས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་ཞིག་འགྲོ་ཐུབ་ཀྱི་མེད་ན། ས་གནས་གནས་བབ་མ་འདྲ་མ་འདྲ་ཆགས་བསྡད་ཡོད་རེད། ལྷོ་ཕྱོགས་ལ་ཡོད་པའི་ས་ཆའི་གནས་བབ་དང་བྱང་ཕྱོགས་ལ་ཡོད་པའི་ས་ཆའི་གནས་བབ། དེའི་ཡུལ་ཁྲིམས་ཀྱི་གནས་བབ་ལ་སོགས་པ་མ་འདྲ་བ་མང་པོ་ཞིག་ཡོད་རེད། དེར་བརྟེན་ས་གནས་སོ་སོ་ལ་ལག་ལེན་བསྟར་ཐུབ་པའི་སྒྲིག་གཞི་ཞིག་བཟོས་པ་ཡིན་ན་ག་འདྲ་འདུག དེ་འདྲའི་ཐོག་ནས་དམིགས་བསལ་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་ནས་ཞིབ་འཇུག་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད་”ས་ཁང་སྒྲིག་གཞི་དང་འབྲེལ་བའི་ཐོག་ལ་ལམ་སྟོན་གྱི་ཚུལ་དུ་གསུངས་སོང་།

གཞན་ཡང་ཁོང་གིས་བོད་མི་ཉམ་ཐག་རྣམས་ཉམ་ཐག་རེད་ཟེར་ནས་སྒོར་མོ་སྟེར་ནས་འཇོག་པ་ཙམ་མ་ཡིན་པར་ཉམ་ཐག་དེའི་འཇོན་ནུས་གང་ཡོད་གོང་མཐོར་གཏོང་ཐབས་བྱེད་དགོས་པ་དང་། གྲོས་ཚོགས་ཀྱི་སྐབས་སུ་སྤྱི་འཐུས་ཚོས་དགོངས་འཆར་གང་གསུངས་པ་ཚང་ལས་ཁུངས་ཁག་གི་བཀའ་བློན་རྣམ་པས་མར་དོ་སྣང་སྤྲད་དེ་བྱུང་ན་བྱུང་བ་དང་། མ་བྱུང་ན་མ་བྱུང་ཞེས་བཤད་ཐུབ་ན་ཡག་པོ་ཡོད་པ། དེ་བཞིན་སྤྱི་འཐུས་རྣམ་པ་ས་གནས་ས་ཐོག་ཏུ་ཕེབས་བསྐྱོད་སྐབས་སྙན་ཐོག་མ་ནོར་བར་ཏག་ཏག་འགོད་རྒྱུ་གལ་ཆེ་བ། ད་ཐེངས་ཀྱི་གྲོས་ཚོགས་སྐབས་སྐད་ཡིག་བསྲེ་ལྷད་མང་པོ་ཞིག་བྱུང་སོང་བས་མ་འོངས་པར་ཡིད་གཟབ་དགོས་ཚུལ་བཅས་གསུངས་པའི་ཐོགསྤྱི་ཡོངས་ཀྱི་ཐོག་ནས་ཐེངས་འདིའི་ཚོགས་དུས་དེ་ཡག་པོ་བྱུང་སོང་སྐོར་གསུངས་ནས་གྲོལ་སོང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༥༣༡ ཀློག་གྲངས།