རྒྱ་ནག་གི་“རྒྱལ་སྟོན་དུས་ཆེན་”ཉིན་ཧོང་ཀོང་གིས་མྱ་ངན་ཞུས་འདུག

པེ་ཅིང་སྲིད་གཞུང་གིས་དེང་རབས་གོ་མཚོན་བཤམ་སྟོན་དང་། དམག་མི་དང་མི་མང་ཕོན་ཆེན་སྒྲིག་འཇོག་གིས་རྒྱ་ནག་དམར་པོའི་རྒྱལ་ཁབ་འགོ་ཚུགས་ནས་ལོ་༧༠ འཁོར་བའི་“རྒྱལ་སྟོན་དུས་ཆེན་”ཤིན་ཏུ་གཞི་རྒྱ་ཆེན་པོོ་ཞིག་སྲུང་བརྩི་བྱེད་བཞིན་པའི་སྐབས། ཧོང་ཀོང་གི་ངོ་རྒོལ་བ་ཚོས་དམིགས་བསལ་གྱི་ཉིན་མོ་དེ་དང་སྟབས་བསྟུན་ནས་ཉེན་རྟོག་པའི་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་ངོ་རྒོལ་གོམ་བགྲོད་བྱས་ཏེ་ཡང་དག་པའི་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད་འདུག 

དེ་ཡང་ཟླ་༡༠ ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། དེ་རིང་ཞོགས་པ་ཡོལ་ཙམ་ནས་གྱོན་ཆས་ནག་པོ་གྱོན་པའི་ཧོང་ཀོང་གི་ངོ་རྒོལ་བ་སྟོང་ཕྲག་མང་པོ་ཞིག་ཧོང་ཀོང་གྲོང་ཁྱེར་གྱི་Causeway Bay ཞེས་པའི་ས་ཁུལ་དུ་འདུ་འཛོམས་བྱེད་འགོ་བརྩམས་ཤིང་། དེ་ནས་ཁོང་ཚོས་“རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་དགོས་”དང་། “ང་ཚོའི་དུས་རབས་ཀྱི་གསར་བརྗེ། ཧོང་ཀོང་བཅིངས་གྲོལ་གཏོང་དགོས་”ཞེས་པའི་མང་གཙོའི་ལས་འགུལ་གྱི་འབོད་ཚིག་སྒྲོག་བཞིན་གྲོང་ཁྱེར་གྱི་ལྟེ་བ་ལ་དལ་གྱིས་ཕྱིན་པ་དང་། གོམ་བགྲོད་དེའི་སྣེ་འཁྲིད་མཁན་གྱི་ཆབ་སྲིད་པ་ཚོས་“སྒེར་གཅོད་སྲིད་དབང་མཚམས་འཇོག་དགོས། མི་མང་ལ་སླར་ཡང་དབང་ཆ་སྤྲོད་དགོས་”ཞེས་པའི་འཕྲེད་དར་ཁྱེར་ཡོད་འདུག 

དེ་ཡིས་མ་ཚད། ངོ་རྒོལ་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་གོམ་བགྲོད་པ་རྣམས་ཀྱིས་མི་མང་པོ་ཞིག་གིས་ཧོང་ཀོང་གི་རྒྱལ་གླུ་རུ་བརྩི་བའི་“ཧོང་ཀོང་རྒྱལ་གྱུར་ཅིག་”ཅེས་པའི་གླུ་གཞས་དེ་མཉམ་ལེན་བྱས་པ་མ་ཟད། མཉམ་ཞུགས་བྱེད་མཁན་མི་ཉུང་བ་ཞིག་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་སོ་སོའི་སེམས་ཚོར་གང་ཡོད་བཤད་ཡོད་འདུག

གོམ་བགྲོད་དེ་ལ་ཞུགས་མཁན་གྱི་གླ་འཁོར་ཁ་ལོ་བ་ཌེ་ནི་ཝོ་(Danny Wo)ཡིས་“ཧོང་ཀོང་ལ་རང་བཙན་དགོས། ང་རང་ཧོང་ཀོང་བ་ཡིན་པ་ལས་རྒྱ་མི་མིན། ཧོང་ཀོང་ནི་ད་རུང་ཡང་རྒྱ་ནག་སྲིད་གཞུང་གི་བཙན་འོག་ཏུ་ཡོད་”ཅེས་སྨྲས་པའི་ཐོག ལོ་ན་༡༧ ལ་སོན་པའི་སློབ་མ་ཞིག་གིས་“དེ་རིང་རྒྱ་ནག་རྒྱལ་ཁབ་འགོ་ཚུགས་ནས་ལོ་༧༠ འཁོར་བའི་ཉིན་མོ་ཡིན་པས། དེ་རིང་མར་ཐོན་ནས་ངོ་རྒོལ་བྱེད་རྒྱུ་དེ་དུས་རྒྱུན་ལས་ཀྱང་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྱུར་བཞིན་ཡོད། གལ་སྲིད་རྒྱ་ནག་མུ་མཐུད་སྟོབས་ཤུགས་ཇེ་ཆེར་གྱུར་བ་ཡིན་ན། རྒྱལ་ཁབ་གཞན་རྣམས་ཀྱང་དེ་རིང་ང་ཚོས་གང་མྱོང་བཞིན་པ་དེ་མྱོང་དགོས་འཁེལ་སྲིད། ང་ཚོ་མར་ཐོན་ནས་ཁོ་ཚོ་བཀག་འགོག་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་”ཞེས་བསྣན་ཡོད་འདུག 

ངོ་རྒོལ་བ་རྣམས་གོམ་བགྲོད་བྱེད་སའི་སྲང་ལམ་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་ནག་སུབ་བཏང་བ་གང་མང་བཀྲམ་པ་མ་ཟད། ངོ་རྒོལ་བ་མང་པོ་ཞིག་གིས་མྱ་ངན་ཤོག་བུ་གཏོར་ཡོད་འདུག་པ་དང་། ལོ་ན་༣༥ ལ་སོན་པའི་ཨེ་ནེ་(Anne)ཡིས་“ཧོང་ཀོང་ལ་མཚོན་ན། དེ་རིང་ནི་མྱ་ངན་ཞུ་བའི་ཉིན་མོ་ཞིག་ཆགས་ཡོད། རྒྱུ་མཚན་ནི་ང་ཚོས་སྡུག་བསྔལ་མྱོང་བཞིན་ཡོད། ང་ཚོ་འཆི་ལམ་དུ་འགྲོ་བཞིན་ཡོད། དེ་རིང་རྒྱ་ནག་ནང་ལ་མི་མང་པོ་ཞིག་དགའ་སྟོན་ལ་རོལ་བཞིན་ཡོད་ཀྱང་། ང་ཚོ་ལ་མཚོན་ན་འདི་ནི་དགའ་སྟོན་བྱེད་པའི་ཉིན་མོ་ཞིག་མིན་”ཞེས་བཤད་ཡོད་འདུག 

དེ་བཞིན་དེ་རིང་ཞོགས་པ་སྔ་པོ་ནས་ངོ་རྒོལ་བ་རྣམས་ཀྱིས་སྔོན་ཆད་ཧོང་ཀོང་དབྱིན་ཇིའི་འོག་ཏུ་ཡོད་སྐབས་གྲོང་ཁྱེར་གྱི་མཚོན་རྟགས་སུ་བརྩི་བའི་སེང་གེ་བྲག་རི་(Lion Rock) རྩེ་མོར་“ཕྱི་ཟླ་༡༠ ཚེས་༡ ནི་མྱ་ངན་དུས་ཆེན་ཡིན། ཧོང་ཀོང་བཅིངས་གྲོལ་གཏོང་དགོས་”ཞེས་པའི་འཕྲེད་དར་བསྒྲེངས་ནས་ངོ་རྒོལ་གྱི་རྣམ་པ་མཚོན་ཐབས་བྱས་ཡོད་འདུག་པའི་ཐོག ངོ་རྒོལ་བ་གཞན་རྣམས་ཀྱིས་དབྱིན་ཇིའི་གཞུང་ཚབ་ཁང་གི་མདུན་དུ་“དེ་རིང་ངའི་རྒྱལ་སྟོན་ཉིན་མོ་མིན། ཕྱི་ལོ་༡༨༤༡ ནས་དབྱིན་ཇིའི་མི་སེར་ཡིན་པར་དགའ་སྤོབས་ཡོད་”ཅེས་པའི་འཕྲེད་དར་ཡང་འཕྱར་ཡོད་འདུག 

དེ་རིང་གི་ངོ་རྒོལ་གོམ་བགྲོད་ནང་ཧོང་ཀོང་གི་ཁྱིམ་ཚེས་གྲོང་ཁྱེར་མེ་ཁོའོ་(Macau) ནས་ཡོང་བ་མི་ཁ་ཅིག་ཀྱང་བྱུང་བ་མ་ཟད། ཁོང་ཚོས་མེ་ཁོའི་མི་མང་ཕལ་ཆེ་བས་ངོ་རྒོལ་དེ་ལ་རྒྱབ་སྐྱོར་ཡོད་པ་དང་། མེ་ཁོའི་ནང་དེ་ལྟ་བའི་ངོ་རྒོལ་ཞིག་ཡོང་བའི་གོ་སྐབས་མེད་སྟབས། ཁོ་ཚོ་ཆེད་དུ་ཧོང་ཀོང་དུ་ཡོང་བ་ཡིན་ཚུལ་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༦༦༣ ཀློག་གྲངས།