ཁྲིམས་ལུགས་དང་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གཟེངས་རྟགས།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ། གཞན་ཡང་འཛམ་གླིང་ནང་གི་གཟེངས་རྟགས་གྲངས་ལས་འདས་པ་ཐོབ་པ་བཅས་ལ་ཆེ་མཐོང་ཞུ་ཆེད། ངས་མི་ཡ་མི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ། གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྨྲ་བའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འདི། ༧གོང་ས་མཆོག་ལ་འབུལ་རྒྱུ་ཡིན་ཞེས་སློབ་གྲྭའི་འགན་འཛིན་སྐུ་ཞབས་ཌེ་ཝིཌ་སི་ཧོཌ་གེ་མཆོག་གིས་གསུངས་ཡོད་པ་རེད།

ཟླ་འདིའི་ཚེས་༢༡ ཉིན་ཨ་རི་མ་ཡ་མི་མངའ་སྡེ་ཕོ་ལོ་རི་ཌའི་གྲོང་ཁྱེར་མ་ཡ་མིའི་ནང་། རྟེན་གཞི་བྱས་ཡོད་པའི་མ་ཡ་མི་གཙུག་ལག་སློབ་གྲྭའི་ངོས་ནས། ༧གོང་ས་མཆོག་ལ་ཁྲིམས་ལུགས་སྨྲ་བའི་ཆེ་བསྟོད་ཀྱི་གཟེངས་རྟགས་དང་། རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གཟེངས་རྟགས་འབུལ་བཞེས་སྐབས། གཙུག་ལག་སློབ་ཁང་གི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་གྲངས་ ༥༠༠ ཙམ་འདུ་འཛོམས་གནང་ཡོད་པ་དང། སྐབས་དེེར་༧གོང་ས་མཆོག་གིས། ང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ང་ལ་ཁྲིམས་ལུགས་མཁས་དབང་གི་ཤེས་ཚད་གང་ཡང་མེད་ཅེས་གསུངས་པ་དང། མ་ཡ་མི་གཙུག་ལག་སློབ་གྲྭ་དང་དྷ་ས་རིགས་ལམ་སློབ་གྲྭའི་དབར་ཤེས་ཡོན་གྱི་འབྲེལ་ལམ་བཙུགས་ཐུབ་པར་བསྔགས་བརྗོད་མཛད་པ། མ་ཡ་མི་ས་གནས་མི་མང་གིས་༧གོང་ས་མཆོག་མ་ཡ་མིར་ཕེབས་བསུ་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེེད།

གཙུག་ལག་སློབ་གྲྭའི་འགན་འཛིན་སྐུ་ཞབས་ཌེ་ཝིཌ་སི་ཧོཌ་གེ་མཆོག་གིས། གཙུག་ལག་སློབ་གྲྭ་དང་རྡ་སར་རྟེན་གཞི་བྱས་པའི་རིགས་ལམ་སློབ་གྲྭའི་དབར། ཤེས་ཡོན་བརྗེས་ལེན་ཐོག་མཉམ་ལས་ཀྱི་ལས་གཞི་ལག་བསྟར་བྱེད་མུས་ཡིན་སྐོར་དང་། མི་ཡ་མི་གཙུག་ལག་སློབ་གྲྭའི་སློབ་གཉེར་བྱ་རྒྱུའི་སློབ་ཚན་ཁག་ངོ་སྤྲོད་གྲུབ་མཚམས་སུ། ༧གོང་ས་མཆོག་ལ་མ་ཡ་མི་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྨྲ་བའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་ (Doctor of Law) འབུལ་ལམ་ཞུས་པ་དང་སྦྲགས། ཁོང་གིས། འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་བོད་མི་ཚོའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆེད་འབད་བརྩོན་དང། འཛམ་གླིང་མི་མང་ཚོར་གཞི་རྩའི་ནང་ཆོས་ཀྱི་ལྟ་གྲུབ་གསལ་བཤད། མི་སོ་སོར་སྤྱི་ཚོགས་ཀྱི་འགན་ཇི་འདྲ་ཞིག་ཡོད་མེད་ཐོག་བསམ་ཤེས་ཀྱི་གོ་རྟོགས་སྤེལ་གནང་མཛད་པར་ཆེ་མཐོང་ཞུ་ཆེད། ངས་མི་ཡ་མི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ། མི་ཡ་མིའི་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སྨྲ་བའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འདི་སྐུ་ཉིད་ལ་འབུལ་ལམ་དང་། བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསུངས་ཡོད་པ་རེད།

དེ་རྗེས་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་ལམ་ཞུ་ཆེད། སྐུ་ཞབས་ཧེར་རི་ཝིག་སི་མཆོག་གིས་ཚོགས་བཅར་བ་རྣམས་ལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་གསལ་བསྒྲགས་གནང་དོན། བྱུང་རབ་ཁྲོད་འགྲོ་བ་མིའི་སྤྱི་ཚོགས་ནང་བྱམས་བརྩེ་དང་ཞི་བདེ། བསམ་ཤེས་ཡོང་རྒྱུར་འབད་བརྩོན་གནང་མཁན་མི་ཉུང་ཤས་ཤིག་བྱུང་ཡོད། ང་ཚོའི་མི་ཚེའི་ནང་འཚེ་བ་མེད་པའི་ལམ་ནས་རང་གི་མངོན་འདོད་གྲུབ་རྒྱུར་འབད་བརྩོན་གནང་མཁན་མེས་པོ་དམ་པ་གྷན་རྡི་མཆོག་དང་མཱ་ཏཱན་ལུ་ཐར་ཀིང། ནེལ་སོན་མན་ཌེ་ལ་བཅས་ཀྱི་སྐོར་གོ་ཐོས་བྱུང་ཡོད། དེ་རིང་ང་ཚོས་མི་རིགས་དང་ཆོས་ལུགས། ལེགས་བྱང་འདྲ་མིན་དབར་ཕན་ཚུན་ཞི་བདེ་དང་བྱམས་བརྩེ། བསམ་ཤེས་གོང་མཐོར་གཏོང་རྒྱུར་ཐུགས་བརྩོན་མཛད་མཁན་གྱི་སྐྱེས་བུ་ཞིག་ལ། ཆེ་མཐོང་ཞུ་ཆེད་ངས་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གཟེངས་རྟགས་འདི། བོད་ཀྱི་༧ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

མི་མང་དང་སློབ་མ་རྣམས་ལ་༧གོང་ས་མཆོག་གིས། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ། ལེགས་བྱང་གི་ངོ་བོ། གོ་ལ་གཅིག་གྱུར་གྱི་བསམ་ཤེས་སོགས་ཀྱི་སྐོར་ལ་ལམ་སྟོན་དང་འགན་འཁུར་བླང་སྟངས། དེ་བཞིན་སློབ་ཕྲུག་རྣམས་ནས་སློབ་ཚན་འཕར་མ་ཇི་འདྲ་ཞིག་ལ་དོ་སྣང་སྤྲོད་དགོས་མིན། ༧གོང་ས་མཆོག་དང་བོད་ནང་གི་གཞིས་ལུས་བོད་མི་ཚོའི་དབར་འབྲེལ་ལམ་ཇི་འདྲ་ཡོད་མེད། བོད་ཀྱི་གནད་དོན་དང་འབྲེལ་ནས་༧གོང་ས་མཆོག ཕྱི་ལོ་༡༩༥༤ ལོར་རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་མིའི་དཔོན་རིགས་ཚོར་འབྲེལ་བ་བྱུང་ཚུལ། ལྷག་པར་མའོ་ཙེ་ཏུང་གིས་རྒྱ་མིའི་དཔོན་རིགས་ཚོ། བོད་ནང་བོད་མི་ཚོར་རོགས་རམ་ཆེད་བཏང་སྐོར་༸གོང་ས་མཆོག་ལ་གསུངས་པའི་གནས་ཚུལ་རྣམས་གསལ་བཤད་གནང་ཡོད་པ་རེད།

 

Share this:
༡༨༠ ཀློག་གྲངས།