ཐོག་མ་ཉིད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱེད་རྒྱུ་མཚམས་འཇོག་གནང་དགོས།

བསྟན་འཛིན་པདྨ།

༄༅། ། བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ན་གཞོན་ཚོས་བོད་སྐད་ཀྱང་ཤོད་མི་ཐུབ་པའི་དཀའ་ངལ་སོགས་ཀྱི་སྐོར་འདས་པའི་ལོ་གྲངས་བཅུ་ཕྲག་འགའ་ཤས་ནང་ཆོས་དང་ཆབ་སྲིེད་ཀྱི་དབུ་ཁྲིད། མཁས་དབང་དང་ཤེས་ཡོན་པ། ཕ་མ་དང་མང་ཚོགས་བཅས་ནས་ཡང་ཡང་གསུང་གི་ཡོད།

འོན་ཀྱང་དཀའ་ངལ་འདི་ཉིད་སྤྱི་སྒེར་གཉིས་ཕྱོགས་ནས་སེལ་དགོས་པ་མ་ཟད་གང་མགྱོགས་སེལ་དགོས། དེ་མིན་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཀྱང་མན་ཇུའི་སྐད་ཡིག་གི་གནས་སྟངས་ལྟ་བུ་ཆགས་ངེས་ཡིན། འོན་ཀྱང་དཀའ་ངལ་དེ་ཉིད་སེལ་བའི་ཐབས་ལམ་འཚོལ་བཞིན་པའི་སྐབས། མ་འོངས་པར་དཀའ་ངལ་དེ་ཉིད་ཆེ་རུ་མི་འགྲོ་བའི་ཐབས་ལམ་ཡང་འཚོལ་རྒྱུ་དེ་བས་ཀྱང་གལ་ཆེ།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱས་ནས་མཐར་སོ་སོ་རང་ཉིད་ཀྱི་ངོ་བོ་བརླག་པ་དང་། སོ་སོའི་མི་རིགས་ཀྱི་ངོ་བོ་བརླག་པ། སོ་སོའི་མེས་པོ་རྣམས་ནས་བྱུང་བའི་ལེགས་སྦྱང་ཉམས་རྒུད་དང་རྩ་མེད་འགྲོ་བ། ཕ་མ་བུ་ཕྲུག་དང་སྤུན་མཆེད་དབར་གྱི་བརྩེ་དུང་དམ་ཚིག་ཉམས་པ་སོགས་འབྱུང་གི་ཡོད་ན། ང་ཚོ་རྩམ་ཟན་པ་ཚོ་ཨུ་ཚུགས་ཀྱིས་དཀའ་ངལ་འབྱུང་སར་ཅིའི་ཕྱིར་མུ་མཐུད་གནས་ཡུལ་རྒྱལ་ཁབ་དེ་ཚོར་ཕེབས་ཀྱི་ཡོད་དམ།

དུས་ནམ་ཡིན་ལ་ང་ཚོ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་གསུང་གི་ཡོད། དོན་དངོས་ཐོག་ལའང་འདི་རང་ཡིན།  འོན་ཀྱང་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལྟ་དུས་ང་ཚོ་དཔལ་འབྱོར་གྱི་སྐྱབས་བཅོལ་བ་ལྟ་བུ་ཆགས་ཡོང་གི་འདུག དཔལ་འབྱོར་གྱི་གནས་སྟངས་གང་ལ་བཟང་བ་ཡོད་པ་དེར་ཐེ་ཚོམ་མེད་པར་ཤར་སྐྱོད་གནང་གི་འདུག ང་ཚོའི་གནང་སྟངས་འདི་འགྲིག་གི་ཨེ་ཡོད། ཐུགས་བསམ་ཞིག་བཞེས་དང་། ང་ཚོའི་ཆབ་སྲིད་ཀྱི་སྣེ་འཁྲིད་མཁན་གྱི་སྒྲིག་འཛུགས་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། ཚེ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། མ་འོངས་བོད་ཀྱི་སོན་རྩ་གསོ་སྐྱོང་བྱེད་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་ལ་ཡོད། དེས་ན་ང་ཚོ་ཚང་མ་ནུབ་ཕྱོགས་ལ་ཁ་གཏད་ནས་ཅིའི་ཕྱིར་འགྲོ་ཡི་ཡོད་དམ། ནུབ་ཕྱོགས་ཀྱི་ཤེས་ཡོན་ཅན་དང་ཚན་རིག་པ་མང་པོས་ནང་པའི་ཚན་རིག་དང་ནང་པའི་རིག་གཞུང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་གཟིགས་ནས་སློབ་གཉེར་ཇི་ལྟར་གནང་གི་འདུག་གམ། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང༌། །ཞེས་གསུངས་པ་ལྟར་བྱུང་ན་ཕན་ཐོགས་ཅི་ཡོད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་ཕ་མ་ཚོས་ཕྲུ་གུ་རྣམས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་གཏོང་རྒྱུ་དང་རྒྱ་གར་དུ་དབྱར་ཆོས་ལ་བཏང་གནང་ནས་སོ་སོའི་ངོ་བོ་སྲུང་སྐྱོབ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་གནང་གི་ཡོད་པ་ཐུགས་དྲན་སྲིད། ནང་དུ་ཉིན་ལྟར་གཞན་སྐད་ཁོ་ན་སྦྱོང་སྤྱོད་གནང་ནས་བདུན་རེར་ཚུ་ཚོད་གཉིས་གསུམ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ཐོག་གཏོང་གནང་ན་ག་ལ་ཕན། དེའི་སྟེང་ཕྲུ་གུ་ཚོའི་བདུན་རེའི་གུང་སེང་ཡང་མེད་པར་ཆགས་ནས་སེམས་ལྗིད་པོ་དང་དཀའ་ལས་ཁག་པོ་ཚོར་སྲིད།

ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་འདི་ཚོའི་ནང་བོད་རིགས་མི་ཉུང་བས་དང་བླངས་ཀྱིས་ཕྱག་ལས་གནང་གི་ཡོད་པ་རྣམས་བསྔགས་འོས་པ་ཞིག་ཡིན་ཡང་། དོན་དངོས་ཐོག་སློབ་གྲྭ་འདི་ཚོས་བོད་ཀྱི་སྐད་ཡིག་གི་ཛ་དྲག་གནས་སྟངས་འདིའི་ནད་རྟགས་རགས་པ་བཅོས་རྒྱུའི་འབད་བརྩོན་གནང་གི་ཡོད་པ་མ་གཏོགས་ན་ཚ་རྩ་བ་ནས་མེད་པ་བཟོ་རྒྱུའི་ཐབས་ཤས་གནང་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན།

མ་འོངས་པར་བོད་ཀྱི་སྐད་ཡིག་གི་དཀའ་ངལ་ཆེ་རུ་དང་སྡུག་ཏུ་མི་འགྲོ་བའི་ཆེད་དུ་དང་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་གནང་རྒྱུ་མཚམས་འཇོག་གནང་དགོས། འོན་ཀྱང་དེ་ལྟར་དབུ་ཁྲིད་ཞིག་དང་སྒྲིག་འཛུགས་ཤིག་གིས་མ་གསུངས་ཀྱང་། རྩམ་ཟན་པ་སོ་སོ་སྒེར་གྱི་ངོས་ནས་ནུབ་ཕྱོགས་སུ་གནས་སྤོ་བྱེད་ཕྱོགས་ཀྱི་ཐོག་སྤྱི་སྒེར་གཉིས་ཀར་དགེ་སྐྱོན་དང་ཕན་གནོད་ཇི་ཡོད་རིགས་པས་དཔྱད་ནས་བསམ་ཞིབ་ནན་པོ་བྱེད་དགོས་པའི་དུས་ལ་བབས་འདུག

ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༢༧ ཉིན་དྷརྨ་ས་ལར་བོད་ནས་གསར་དུ་འབྱོར་བའི་དད་ལྡན་མང་ཚོགས་ལ་༸གོང་ས་མཆོག་གིས། ད་ལྟའི་ཆར་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བོད་མི་སུ་ལའང་གདམ་ང་མེད་པ་རེད། དེང་དུས་ཀྱི་ཤེས་ཡོན་ཅན་ཆགས་དགོས་ཀྱི་ཡོད་ན་རྒྱ་ཡི་སྐད་ཡིག་ལ་མ་བརྟེན་རང་བརྟེན་རེད། འོན་ཀྱང་བོད་པའི་སློབ་ཕྲུག་བརྒྱ་ཡོད་ན། སློབ་ཕྲུག་བདུན་ཅུའམ་བརྒྱད་ཅུ་ནས་བོད་ཀྱི་སྐད་ཡིག་གཙོ་བོར་སྦྱངས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་འབུར་དུ་ཐོན་པ་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལེགས་སྦྱང་རྣམས་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་དགོས། དེ་བཞིན་སློབ་ཕྲུག་ཉི་ཤུའམ་སུམ་ཅུ་ནས་རྒྱ་ཡི་སྐད་ཡིག་གཙོ་བོར་སྦྱངས་ནས་དེང་དུས་ཀྱི་སློབ་ཚན་ཁག་གི་ཆེད་ལས་ཤེས་ཚད་ཡོད་པ་ཆགས་རྒྱུ་དེ་རེད། ངས་འདི་འདྲ་བྱེད་རྒྱུ་གལ་ཆེན་པོ་ཚོར་གྱི་འདུག ཤེས་སོང་ངམ། ཞེས་གསུངས་ཡོད།

བདེན་པ་རེད། བོད་ནང་དུ་གདམ་ང་དང་རང་དབང་མེད་པ་རེད། ད་དུང་བོད་ཕྲུག་བརྒྱ་ཆ་གསུམ་ཆ་གཉིས་ནས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་སློབ་གཉེར་གནང་རྒྱུའི་སྐོར་བཀའ་སློབ་ལམ་སྟོན་གནང་ཡོད། འོན་ཀྱང་ང་ཚོ་བོད་ཕྱི་ལ་ཡོད་པའི་བོད་མི་ཚོར་གདམ་ང་དང་རང་དབང་གཉིས་ཀ་ཡོད། དེ་འདྲ་སོང་ཙང་སྒྲིག་འཛུགས་སམ་ཕ་མ་སྒེར་སོ་སོའི་ངོས་ནས་༸གོང་ས་མཆོག་གི་དགོངས་པ་དང་བཀའ་སློབ་འདི་ཉིད་སྙིང་བཅངས་ཀྱིས་ད་ཡོད་བོད་ཕྲུག་རྣམས་ནས་བརྒྱ་ཆ་གསུམ་ཆ་གཉིས་ལ་ངེས་པར་དུ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གནས་ཐོག་སློབ་གཉེར་གནང་རྒྱུའི་ལམ་སྟོན་དང་སྐུལ་མ་ཤུགས་ཆེ་གཏོང་དགོས་པའི་དུས་ལ་བབས་འདུག། །།

Share this:
༧༥༡ ཀློག་གྲངས།