རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་མཇལ་འཕྲད་གནང་འཆར།

ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་དུས་བབ་ཚགས་ཤོག་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཇཱ་མི་ཡ་མཱི་ལི་ཡ་ཨ་སི་ལཱ་མི་ཡ་གཙུག་ལག་སློབ་གྲྭ་ཆེན་མོས། ༧གོང་ས་མཆོག་ལ་མཁས་དབང་གི་གཟེངས་རྟགས་འབུལ་འཆར་ཡོད་རུང། རྒྱ་གར་གཞུང་ཕྱོགས་ནས་གཟེངས་རྟགས་དེ་༧གོང་ས་མཆོག་ལ་ད་ལྟའི་སྐབས་འབུལ་རྒྱུར་མོས་མཐུན་གནང་མེད་པ་དང། དེ་ཡང་གཙོ་བོ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ངང་གནས་ཐབས་བྱེད་རྒྱུ་ཡིན་པ་རེད། དམིགས་སུ་བཀར་ནས་རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་དང་། རྒྱ་ནག་གི་སྲིད་བློན་ཝོན་ཅཱ་པོ་གཉིས། ཟླ་འདིའི་མཇུག་ཏུ་ཝི་ཊི་ནམ་དུ་དཔོན་རིགས་ལྷན་འཛོམས་ཀྱི་ཚོགས་འདུའི་སྐབས། ཟུར་ཐུག་གི་ཚོགས་འདུ་ཞིག་བསྐོངས་འཆར་ཡོད་པ་ལའང་འབྲེལ་བ་ཡོད་པ་རེད།

དེ་དང་འབྲེལ་ནས་ཇཱ་མི་ཡ་གཙུག་ལག་སློབ་གྲྭའི་ངེས་སྟོན་པ་གཞོན་པ་ནཱ་ཇིབ་མཆོག་གིས། “འགྲོ་བ་མིའི་ཡར་རྒྱས་ཐེབས་རྩ་ཁང་གི་བློན་ཆེན་བརྒྱུད་ནས་ང་ལ་འབྲེལ་བ་བྱུང་ཡོད་པ་དང། བློན་ཆེན་ཁོང་ལ་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་བཏང་བའི་ཡིག་ཆའི་ངོ་བཤུས་ཤིག་ང་ལ་གནང་བྱུང། དེའི་ནང་གཙུག་ལག་སློབ་གྲྭའི་མཁས་དབང་གི་གཟེངས་རྟགས་དེ། ༧ཏཱ་ལའི་བླ་མ་མཆོག་ལ་ཕུལ་བའི་དུས་ཚོད་མ་རེད་ཅེས་འཁོད་འདུག་”ཅེས་དང།  ཡང་ཁོང་གིས། “ངས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནཱི་རུའུ་པཱ་མཱ་རའོ་མཆོག་ལ། ང་ཚོས་ཐག་གཅོད་བྱས་པར་བསྐྱར་དུ་ཐུགས་ཞིབ་གནང་རོགས་ཞེས་ནན་བརྗོད་བྱེད་སྐབས། ཁོང་གིས། གནད་དོན་དེ་དག་ལ་རྟོག་ཞིབ་བྱེད་རྒྱུར་དགའ་པོ་ཡོད་”ཅེས་བརྗོད་བྱུང་ཞེས། བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནཱི་རུའུ་པཱ་མཱ་རའོ་མཆོག་གིས། “རྒྱ་དཀར་ནག་གཉིས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང། ཁྱིམ་མཚེས་རྒྱལ་ཁབ་འདི་གཉིས་ཀྱི་དཔོན་རིགས་ཐུག་འཕྲད་སྐབས། གནད་དོན་མང་པོ་ཞིག་ལ་གྲོས་བསྡུར་བྱེད་དགོས་པ་རེད། ༧ཏཱ་ལའི་བླ་མ་མཆོག་རྒྱ་གར་མི་མང་ས་ཡ་མང་པོའི་ཆེས་གུས་བཀུར་བྱེད་སའི་ཆོས་ཀྱི་དབུ་ཁྲིད་ཅིག་རེད་”ཅེས་གསུངས་པ་ལས། གཟེངས་རྟགས་དེ་གཙུག་ལག་སློབ་གྲྭའི་ཐག་གཅོད་བཞིན། ད་ལྟའི་སྐབས་༧གོང་ས་མཆོག་ལ་འབུལ་འཆར་མེད་རུང། ཟླ་བ་རྗེས་མ་འབུལ་སྲིད་པའི་བསམ་ཚུལ་ཤོད་མཁན། གཙུག་ལག་སློབ་གྲྭའི་ནང་མང་དུ་འགྲོ་བཞིན་ཡོད་པ་རེད།།

{jcomments on}

Share this:
༣༩ ཀློག་གྲངས།