༧རྒྱལ་བ་རིན་པོ་ཆེས་བཞུགས་སྒར་དྷ་སར་ཉིན་གསུམ་གྱི་གསུང་ཆོས་དབུ་འཛུགས་གནང་།

“མི་ཚེ་ཐོག་མར་འགོ་འཛུགས་དུས་ནས་བཟུང་མཐའ་མ་འཆི་བའི་ཁ་ཐུག་བར་བྱམས་བརྩེ་ཟེར་བ་དེ་འབྲེལ་བ་ཡོད་བསྡད་པ་དང་། ཕན་ཐོགས་ཡོད་བསྡད་པ་ཞིག་ཏན་ཏན་ཆགས་རེད་འདུག་” ༧གོང་མཆོག་གིས་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་ནང་གསུངས་སོང་། 

དེ་རིང་སྟེ་ཕྱི་ལོ་༢༠༡༩ ཟླ་༡༠ ཚེས་༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་སའི་གཙུག་ལག་ཁང་དུ་ཐའེ་ཝན་གྱི་རྒྱ་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལ་ཉིན་གསུམ་གྱི་གསུང་ཆོས་ཞིག་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་འཁྲིད་བྱའི་གཞུང་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ཡིན་འདུག 

དེ་ཡང་ཞོགས་པའི་ཆུ་ཚོད་༩ ཙམ་ལ་༧གོང་ས་མཆོག་མདུན་བསུ་རྗེས་འབྲང་གིས་གཟིམ་ཆུང་ནས་མར་གཙུག་ལག་ཁང་དུ་ཕེབས་ཏེ་བཞུགས་ཁྲིར་བདེ་བར་འཁོད་རྗེས་བཀའ་སློབ་བསྩལ་དོན། “དེ་རིང་ཐའེ་ཝན་གྱི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་གཙོ་བོར་གྱུར་བའི་རྒྱ་རིགས་མང་པོ་ཞིག་སླེབས་བསྡད་ཡོད་རེད། ང་ཚོ་འདིར་འདུ་བ་དེ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་འགྱུར་བ་གཏོང་རྒྱུ་ཞིག་རེད། དེ་རིང་ཁ་སང་དཔལ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ན་ལནྡྲའི་ཆོས་བརྒྱུད་དེ་སེམས་ཁམས་རིག་པ་གཙོ་བོར་བཤད་ནས་དེའི་ཐོག་ནས་ཚད་མ་རིག་པའི་ཐོག་ནས་རྒྱུ་མཚན་བསམ་བློ་བཏང་སྟེ་འགྲོ་བསྡད་པ་ཆགས་ཡོད། དེ་བྱེད་དུས་སེམས་ནང་གི་ཁོང་ཁྲོ། ང་རྒྱལ། ཕྲག་དོག་ཟེར་བ་དེ་ཚོའི་གྲས་ཀྱིས་ཁ་ཐུག་སེམས་དཀྲུག་པ་མ་ཟད། གཟུགས་པོ་ལའང་གནོད་བསྡད་ཡོད། དེ་ཚན་རིག་པས་ཀྱང་བཤད་ཀྱི་འདུག རླུང་དང་ཕྲག་དོག་ཤུགས་ཆེན་པོར་བྱས་ནས་བསྡད་པ་ཡིན་ན། ང་ཚོའི་immunse system (སྔོན་འགོག་མ་ལག) ཤུགས་ཆུང་དུ་འགྲོ་གི་འདུག དེ་ཚན་རིག་པ་ཨེམ་ཆི་དག་གིས་ཟེར་བསྡད་ཀྱི་འདུག དེ་འདྲ་ཡིན་དུས་ཚན་རིག་གི་ཐོག་ནས་ར་འཕྲོད་ཡོང་གི་ཡོད་རེད། གང་ལྟར་སེམས་ཀྱི་ཞི་བདེ་ཟེར་བ་ཞེ་དྲག་གལ་ཆེན་པོ་རེད་འདུག སེམས་ཀྱི་ཞི་བདེ་ཟེར་བ་དེ་སེམས་ཞི་བདེ་མེད་པ་བཟོ་མཁན་དེ་ག་རེ་རེད་འདུག་ཤེས་པ་བྱས་ནས་དེའི་གདོང་ལེན་བྱས་པ་ཞིག་ཡིན། དཔེར་ན། ང་ཚོར་ནད་ན་ཚ་བྱུང་ནས་སྨན་ཟ་བ་དེས་ནད་འབུ་ཕྲ་རགས་དེ་དག་ལ་གདོང་ལེན་བྱེད་པ་ལ་སྨན་གྱི་ནུས་པ་དེ་ཁ་ཐུག་ཁ་ཐུག་བེད་སྤྱོད་བྱས་ནས་འགྲོ་གི་ཡོད། དེ་བཞིན་ཕྱི་ལོགས་ཀྱི་ཚ་གྲང་གི་སྡུག་བསྔལ་ལ་ཆ་བཞག་པ་ཡིན་ན། ཚ་བས་གདུང་ན་གྲང་གློག་སྤར་བ་དང་། གྲང་བ་གདུང་ཡོང་དུས་ཚ་གྲང་གི་རེག་པ་དེ་དག་ནང་ལོགས་ཀྱི་འཕྲུལ་ཆས་ཀྱི་ཐོག་ནས་བཟོ་བསྡད་པ་ཞིག་འགྲོ་གི་ཡོད། དེ་ནང་བཞིན་བྱས་ཏེ་སེམས་ནང་གི་མ་སྐྱིད་པ་ཡོང་བ་དེ་སེམས་དཀྲུག་ནས་ཡོང་གི་ཡོད་པ་ཡིན་དུས། དཀྲུག་མཁན་དེ་ངོ་ཤེས་པ་བྱས་ནས་དེ་ལ་སེམས་དཀྲུག་མཁན་དེ་ཁོང་ཁྲོ་དང་། ང་རྒྱལ་ཕྲག་དོག་ཟེར་བ་དེ་ཚོའི་གྲས་རེད། སེམས་ཀྱི་ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་ཟེར་བ་ཚོར་རྒྱུ་མཚན་ག་རེ་འདུག་ག་ལེར་བསམ་བློ་བཏང་བ་ཡིན་ན། དཔེར་ན། དེ་རིང་ཁོང་ཁྲོ་ཞེ་བུ་ཟོས་ན་[ཡང་།] ཟ་སའི་མི་དེ་སང་ཉིན་གནངས་ཉིན་གྲོགས་པོ་ཆགས་པ་ཡོང་གི་རེད། 

གང་ལྟར་གནོད་ལན་གནོད་པས་འཇལ་ནས་ཚུར་སོ་སོར་རྙོག་དགྲ་བཟོ་མཁན་ལ་ཕར་རླུང་བསྟན་ནས་རྣམ་འགྱུར་སྡུག་པོ་བསྟན་པ་ཡིན་ན། སྡུག་ཏུ་འགྲོ་བ་ལས་མེད། ཚུར་ཏོག་ཙམ་ཟུར་ཟ་འདྲ་བོ་དང་། སྐྱོན་བརྗོད་ཀྱི་བཟོ་འདྲ་བོ། མ་དགའ་བའི་བཟོ་འདྲ་བོ་ཡོང་གི་འདུག་ཀྱང་། སོ་སོའི་ངོས་ནས་ད་དུང་བཟོད་པ་སྒོམ་པ་མ་ཟད། བྱམས་བརྩེ་སྒོམ་པ་བྱེད་ཐུབ་ན། རང་བཞིན་གྱིས་སོ་སོའི་སེམས་ནང་གི་ཁོང་ཁྲོ་དེ་ཡང་མར་ཆག[ནས]ཁོང་ཁྲོ་ཡོང་མ་ཐུབ་ཅིང་། དེ་རིང་སོ་སོ་དང་རྒྱག་རེས་ཤོར་བའི་དགྲ་བོ་དེའང་རིམ་པས་གཉེན་དུ་འགྱུར་བ་ཡོང་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས། བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཟེར་བ་དེ་དག་[གིས]འཕྲལ་སེལ་གྱི་སེམས་དཀྲུག་པ་ཙམ་དུ་མ་ཟད། ཕུགས་ལ་གྲོགས་པོ་དེ་དག་ཀྱང་དགྲ་ཆགས། སོ་སོའི་ལུས་པོའང་མ་བདེ་བ་ཆགས་བསྡད་པ་ཞིག་ཕལ་ཆེར་ཡོང་རྒྱུ་རེད། དེ་འདྲ་ཡིན་དུས་སེམས་ཞི་བདེ་བཟོ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག [དེ་ནི]ཆོས་ཀྱི་སྐད་ཆ་མ་རེད། གང་ལྟར་ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། བྱས་ཙང་བདེ་བ་ལ་ལུས་ཚོར་བདེ་བ་དང་སེམས་ཚོར་བདེ་བ་གཉིས་ཡོད་པའི་ནང་ནས་གཙོ་བོ་དེ་སེམས་ཚོར་བདེ་བ་རེད། ཤེས་སོང་ངམ”

གཞན་ཡང་། ཁོང་གིས་ཆོས་ལུགས་ཚང་མ་མིའི་སྤྱི་ཚོགས་དང་འབྲེལ་ནས་ཡོད་པས། ཆོས་ལུགས་ཚང་མས་མིའི་སྤྱི་ཚོགས་ལ་དགོས་པའི་བྱམས་བརྩེ་གླེང་གི་ཡོད་པ་དང་། མི་ནི་སྤྱི་ཚོགས་སེམས་ཅན་ཡིན་པའི་དབང་གིས་མི་སྒེར་སོ་སོའི་འཚོ་གནས་དང་བདེ་སྡུག་དེ་རང་བཞིན་གྱིས་སྤྱི་ཚོགས་ལ་བརྟེན་ནས་ཡོད་པ། མི་ཚེ་ཐོག་མར་འགོ་འཛུགས་དུས་ནས་མཐའ་མ་འཆི་བའི་ཁ་ཐུག་བར་བྱམས་བརྩེ་ཕན་ཐོགས་དང་འབྲེལ་བ་ཡོད་པ། སྔོན་ཆད་ཡིན་ན། སོ་སོའི་བདེ་སྡུག་དེ་སོ་སོའི་ཉེ་འཁོར་ཆུང་ཆུང་ཞིག་ལས་འབྲེལ་བ་མེད་ཀྱང་། དེང་སྐབས་ཨེ་ཤི་ཡའི་བདེ་སྡུག་དེ་ནུབ་ཕྱོགས་དང་འབྲེལ་བ་ཡོད་པ་དང་། ནུབ་ཕྱོགས་ཀྱི་བདེ་སྡུག་དེ་ཨེ་ཤི་ཡར་འབྲེལ་ནས་འཛམ་གླིང་གི་མི་མང་དུང་ཕྱུར་བདུན་ཅུའི་བདེ་སྡུག་གཅིག་ལ་གཅིག་རྟེན་ཡིན་སྟབས། མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ཤིན་ཏུ་གལ་ཆེ་བ་སོགས་ཀྱི་སྐོར་ལ་བཀའ་སློབ་ཟབ་རྒྱས་ཤིག་གནང་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༤༣༠ ཀློག་གྲངས།