ཨེ་ཤ་ཡའི་རྩེད་འགྲན་རྒྱ་ནག་ཏུ་འཚོག་རྒྱུར་མོས་མཐུན་མེད།

ཟླ་འདིའི་ཚེས་༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། ཨེ་ཤ་ཡའི་རྩེད་འགྲན་དེ་ཕྱི་ཟླ་༡༡ ཚེས་༡༢ ཉིན་གྱི་དགོང་དྲོ་ཆུ་ཚོད་བརྒྱད་པར་རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་དུ་འགོ་འཛུགས་རྒྱུ་ཡིན་པ་དེར་མོས་མཐུན་མེད་པའི་བསྒྲགས་གཏམ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད།

གོང་ཚེས་ཉིན་གཞོན་ལྷན་གྱི་ངོས་ནས་རྒྱ་གར་གྱི་དགོང་དྲོའི་ཆུ་ཚོད་༥ དང་ཕྱེད་ཀའི་ཐོག་དྷ་ས་གཙུག་ལག་ཁང་གི་ཆོལ་གསུམ་དཔའ་བོའི་རྡོ་རིང་གི་མདུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ར་ཇཱི་གྷ་ཊི་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་བང་སོའི་བར་། སྦག་སྦག་ཐོག་རང་བཙན་དཔལ་འབར་འཁྱེར་སྐྱོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་རེད།

གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་དོན། འཚོགས་ཟིན་པའི་པེ་ཅིང་ཨོ་ལིམ་པིག་དང་། ལྡི་ལིའི་ཁོ་མཱོན་ཝིལ་ཐི་རྩེད་འགྲན་ཆེན་མོ་གཉིས་ལ་བསྡུར་ཚད་ཀྱི་ཐོག་ནས་ཡོང་རྒྱུའི་ཨེ་ཤ་ཡའི་རྩེད་འགྲན་ལ་ལྟ་ཞིབ་དགོས། པེ་ཅིང་ཨོ་ལིམ་པིག་སྐབས་བཟང་ཕྱོགས་ཁོ་ན་ལས། འགྲོ་བ་མིའི་བཟང་སྤྱོད་དང་མི་མཐུན་པའི་གནས་ཚུལ་ཇི་སྙེད་བྱུང་ཡོད་ཀྱང་། དེ་དག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་ཐུབ་མེད་པ་དང་། ལྡི་ལིའི་ཁོ་མཱོན་ཝིལ་ཐི་རྩེད་འགྲན་སྐབས་གནས་ཚུལ་མི་ལེགས་པའི་ཆ་རྣམས་རེ་རེ་བཞིན། རྒྱ་གར་རང་གི་བརྒྱུད་ལམ་ཐོག་ནས་ཕྱི་གསལ་ནང་གསལ་རྒྱལ་སྤྱིའི་མང་ཚོགས་ལ་བསྟན་ཡོད་ཅིང་། དེ་ནི་གང་ཞིག་ཏུ་དམངས་གཙོ་དང་རང་དབང་ཡོད་མེད་ཀྱི་རིན་ཐང་མཚོན་རྟགས་ཡིན། དེར་བརྟེན་དེ་རིང་ཨེ་ཤ་ཡའི་རྩེད་འགྲན་སྐབས་ཀྱང་རྒྱ་ནག་གི་གནས་ཚུལ་མི་ལེགས་པའི་ཆ་རྣམས་མུ་མཐུད་སྦས་འགེབས་རྫུན་བཟོ་བྱ་ངེས་པས། བརྒྱུད་ལམ་ཁག་གིས་མུ་མཐུད་བལྟ་སྐུལ་དགོས་ཞེས་དང་།

མུ་མཐུད་འཁོད་དོན། རང་དབང་དང། དྲང་བདེན། ཞི་བདེའི་འབོད་ཚིག་ཇི་ལྟར་སྒྲོག་ཀྱང་། དོན་དངོས་ཐོག་མི་སེར་སྤེལ་བའི་གདུག་རྩུབ་དང་བཙན་འཛུལ་གྱི་གནས་སྟངས་ད་དུང་ཡང་བོད་ནང་མཇུལ་སྒྲིལ་མེད་པས། ཨེ་ཤ་ཡའི་རྩེད་འགྲན་རྒྱ་ནག་ཏུ་འཚོག་པར་བཟང་སྤྱོད་ཀྱི་འོས་བབ་མེད། དེར་བརྟེན་གླིང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་གལ་ཆེན་བོད་ཀྱི་ངོས་ནས་རྩེད་འགྲན་དེ་རྒྱ་ནག་ཏུ་འཚོག་པར་ངོས་ལེན་གཏན་ནས་མེད་པ་གསལ་འདོན་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་རེད།

གཞོན་ལྷན་གྱི་ངོས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་བྱེ་བྲག་རྩེད་འགྲན་པ་སོ་སོའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་དགོས་པའི་དོན་ཚན་གསུམ་ཡོད་པ་ནི། དང་པོ། རྒྱ་ནག་གིས་བོད་བཙན་བཟུང་བྱེད་པ་འཕྲལ་དུ་མཚམས་འཇོག་གིས་བོད་རྒྱལ་ཁབ་བོད་མིར་རྩིས་སྤྲོད་དགོས། གཉིས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་གིས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་བཙོན་ནས་གློད་གྲོལ་གཏོང་དགོས། གསུམ་པ། འཛམ་གླིང་སྤྱི་དང་ལྷག་པར་གླིང་ཆེན་ཨེ་ཤ་ཡའི་བདེ་འཇགས་དང་འཚོ་གནས་ལ་འབྲེལ་བ་ཧ་ཅང་ཆེ་བའི་འཛམ་གླིང་གི་སྣེ་གསུམ་པ་སྟེ། བོད་ཀྱི་ཁོར་ཡུག་གཏོར་བརླག་ཚབས་ཆེན་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་བཅས་རེད།

གསལ་བསྒྲགས་ཀྱི་མཐའ་དོན་དུ། རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་༦༡ ཕྱིན་ཡང་། བོད་རང་བཙན་སླར་གསོའི་ཆོད་སེམས་ཀྱི་མེ་ལྕེ་དེ་བོད་མི་ཚོའི་སྙིང་དབུས་སུ་ད་དུང་ཡང་མ་ཤི་གསོན་པོར་གནས་ཡོད་པ་མ་ཟད། བོད་མི་ཚོའི་སྙིང་སྟོབས་ཀྱི་མེ་ལྕེ་དེས་བོད་ཀྱི་ས་ཐོག་ནས་སྐར་ལྔའི་དར་དམར་ངེས་པར་སྲེག་ཐུབ་ངེས་ཀྱི་རེ་སྤོབས་དང་ཆོད་སེམས་ཀྱི་བརྡ་མཚོན་སྟོན་ཆེད་ཡིན་ཞེས་འཁོད་ཡོད་པ་རེད།།

{jcomments on}

Share this:
༣༣ ཀློག་གྲངས།