དམིགས་བསལ་ཚོགས་ཆེན་གྱི་གླེང་གཞི།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༠   ཕྱི་ལོ་ ༢༠༡༩/༡༠ /༢

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་བསྐོང་འཚོགས་གནང་གི་ཡོད་པ་དང་། ད་ལན་དམིགས་བསལ་ཚོགས་ཆེན་འདིའི་བརྗོད་གཞི་ནི། “ལྔ་དང་ལྔ་བཅུ། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་”ཞེས་པ་དེ་ཡིན་ཞིང་། གནད་དོན་འདི་དག་གི་ཚིག་གི་ངོ་གདོང་དང་། དེ་ལས་གཏིང་ཟབ་པ་ངེས་པར་དུ་གླེང་དགོས་པའི་གནད་དོན་ཡང་ཡོད་ངེས་རེད། ལྔ་དང་ལྔ་བཅུའི་སྐོར་འདས་པའི་ལོ་ཤས་རིང་ཚོགས་འདུ་དང་བགྲོ་གླེང་ཧ་ཅང་མང་པོ་ཞིག་གནང་ཡོད་པ་དང་། དེ་ལ་བརྟེན་ནས་མ་འོངས་པར་ལས་འཆར་ཁག་ཅི་ཙམ་སྲ་བརྟན་དང་རྒྱུན་འཁྱོངས་ཐུབ་མིན་ཐ་དད་ཡིན་པ་ལས། སྤྱི་ཚོགས་ནང་དོ་སྣང་བྱེད་མཁན་ཞིག་ཡིན་ན་ལྔ་དང་ལྔ་བཅུའི་དོན་གནད་གཙོ་བོ་གང་དང་གང་ཡིན་མིན་དང་། དེ་ལ་བརྟེན་ནས་འཆར་གཞི་གང་དང་གང་ཡོད་པ་དེ་གསལ་པོ་ཤེས་ཡོད་ཚོད་རེད། དེར་བརྟེན་སྐབས་འདིར་དམིགས་བསལ་ཚོགས་ཆེན་ཐོག་གླེང་དགོས་པ་གཙོ་བོ་ལྔ་དང་ལྔ་བཅུའི་སྐོར་མ་ཡིན་པར་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ཞེས་པ་དེ་རེད་སྙམ།

ད་དུང་“༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་”ཞེས་པའི་ཚིག་གི་ངོ་གདོང་ལ་བལྟས་ན། འདས་པའི་ལོ་རྒྱུས་ནང་རྒྱལ་དབང་སྐུ་ཕྲེང་དང་པོ་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་དབར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མི་རིགས་ཀྱི་འབྲེལ་བའི་སྐོར་གླེང་དགོས་པ་ཞིག་ཡིན་ནའང་། དོན་དུ་འདས་པའི་ལོ་རྒྱུས་ཡིག་ཐོག་ཏུ་མང་པོ་ཡོད་པ་དང་བྱུང་ཟིན་པའི་གནས་སྟངས་ལ་མི་མང་གི་སྐུ་ཚབ་བསྡུས་ནས་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་གང་ཡང་མེད། དོན་དངོས་སུ་ལོ་རྒྱུས་དེ་དག་གི་ངོ་གདོང་གསལ་པོ་ཞིག་སྟོན་དགོས་ན། ཆབ་སྲིད་པ་དང་མི་མང་གི་འཐུས་ཚབ་ཀྱི་ངོས་ནས་སྟོན་ཐུབ་པ་ཞིག་མ་ཡིན་པར། ལོ་རྒྱུས་ཆེད་མཁས་པ་དག་གིས་ཞིབ་འཇུག་གི་ལམ་ནས་གསལ་སྟོན་བྱེད་དགོས་པ་ཞིག་རེད། ད་ལན་དམིགས་བསལ་ཚོགས་ཆེན་ཐོག་གླེང་དགོས་པ་དེ་འདས་པའི་ལོ་རྒྱུས་ཙམ་མ་ཡིན་པར། མ་འོངས་པའི་ཁ་ཕྱོགས་གླེང་དགོས་པ་དེ་ཁ་ཚ་དགོས་གཏུག་ཡིན་ཡང་། ད་ལྟའི་ཆར་མི་མང་པོ་ཞིག་གིས་བརྗོད་གཞིའི་ངོ་གདོང་ལ་བལྟས་ནས་འདས་པའི་ལོ་རྒྱུས་དང་འབྲེལ་བའི་གལ་གནད་ཁོ་ན་ལ་དོ་སྣང་བྱེད་བཞིན་ཡོད་ངེས་རེད།

ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་ཕྱི་ལོ་༡༦༤༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་མ་ཤོར་གྱི་བར་དུ། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་། དེའི་གཤམ་གྱི་དགའ་ལྡན་ཕོ་བྲང་གི་ལས་སྣེ་རྣམས་ཀྱིས་བོད་ཀྱི་སྲིད་དབང་བཟུང་ཡོད་ལ། ཆབ་སྲིད་ཀྱི་དབང་ཤུགས་ཐོག་ནས་སྐབས་རེ་བོད་ས་ཡོངས་རྫོགས་ལ་ཁྱབ་པ་ལྟ་བུ་དང་། སྐབས་རེ་དེ་ལས་ཤུགས་རྐྱེན་ཆུང་བ་ལྟ་བུ་སྣ་ཚོགས་བྱུང་ཡོད་ཀྱང་། མི་ལོ་༣༡༧ ཙམ་གྱི་རིང་བོད་ཀྱི་སྲིད་དབང་རྒྱུན་མ་ཆད་པར་བཟུང་ཡོད་པ་ནི། ཆབ་སྲིད་ལོ་རྒྱུས་ཀྱི་ཐོག་ནས་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བཅས་ནི་ཆབ་སྲིད་དང་ལོ་རྒྱུས་ཀྱི་ནང་ནས་ཆེས་གལ་གནད་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། བོད་ཀྱི་གནས་བབས་ཉག་ཕྲ་བའི་སྐབས་འདིར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནི་བོད་ལ་བཀའ་དྲིན་མཚུངས་མཐའ་བྲལ་བ་ཞིག་ཏུ་གྱུར་ཡོད་པ་ནི་ཡོངས་གྲགས་སུ་གྱུར་ཡོད།

འོན་ཀྱང་སྐབས་འདིར་ངེས་པར་དུ་གླེང་དགོས་པ་ནི། ད་ལྟའི་ཆར་རྒྱ་དམར་གཞུང་དང་། རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་ཡུལ་དུ་གྱུར་པ་མ་འོངས་པར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཞལ་མ་བཞུགས་པའི་དུས་ཚོད་ངན་པ་ཞིག་བོད་མི་ཡོངས་ཀྱི་མགོ་ལ་འཆར་ངེས་པ་དང་། དེའི་རྗེས་སུ་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་བསྐྱར་དུ་འཁྲུངས་དགོས་མིན་དང་། འཁྲུངས་ན་དེའི་ཡང་སྲིད་འཁྲུལ་མེད་ཇི་ལྟར་རྩད་གཅོད་དགོས་མིན་སྐོར་དེ། གླེང་འདོད་གཏན་ནས་མེད་པའི་བརྗོད་གཞི་ཞིག་ཡིན་ནའང་ཁ་ཚ་དགོས་གཏུག་གིས་གླེང་དགོས་པའི་གལ་གནད་ཅིག་ཏུ་གྱུར་ཟིན། རྒྱ་དམར་གཞུང་གིས་ད་ལྟ་ནས་མ་འོངས་པར་ཡང་སྲིད་འཁྲུངས་དང་མི་འཁྲུངས། ངོས་འཛིན་ཇི་ལྟར་བྱེད་དང་མི་བྱེད་ཀྱི་དབང་ཚད་ཏཱ་ལའི་བླ་མ་ལ་མེད་པར། དེ་ནི་རྒྱ་དམར་སྲིད་གཞུང་ལ་ཡོད་པའི་བདག་དབང་ཉག་གཅིག་ཏུ་གྱུར་ཡོད་ཅེས་ཧམ་བཤད་བྱེད་བཞིན་ཡོད་པ་དང་། ང་ཚོའི་མིག་མདུན་དུ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་ཞིག་བཟོས་ཟིན་པས། དོན་གནད་འདི་ནི་མ་འོངས་པར་བོད་ཀྱི་གནད་དོན་ཐོག་ནས་གལ་གནད་ཅིག་ཏུ་འགྱུར་ངེས་རེད།

མདོར་ན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡང་སྲིད་དགོས་དང་མི་དགོས། ཡང་སྲིད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་བསམ་ཚུལ་གཅིག་མཐུན་དུ་བྱུང་ན། ད་ལྟ་ནས་༧གོང་ས་མཆོག་གང་ཉིད་ཀྱི་ངོས་ནས་ཡིག་ཐོག་ནས་གསལ་པོ་མཛད་ཅིང་། བཀའ་རྒྱས་བཏབ་ནས། མ་འོངས་པར་གནས་གང་དུ། ཡབ་ཡུམ་སུ་ལ། ཚུལ་ཇི་ལྟར་འཁྲུངས་རྒྱུ་ཡིན་མིན་དེ་ཁ་གསལ་མཛད་དགོས་པ་ནི་ཧ་ཅང་གལ་ཆེ་བ་དང་། གལ་སྲིད་དེ་ལྟར་མ་བྱུང་ན། མ་འོངས་པར་གོང་དུ་བརྗོད་པ་བཞིན་རྒྱ་དམར་གཞུང་གི་ངོས་ནས་ཡང་སྲིད་གཅིག་དང་། དོལ་རྒྱལ་ཚོགས་པའི་ངོས་ནས་ཡང་སྲིད་གཅིག ད་དུང་བོད་པའི་སྤྱི་ཚོགས་ནང་དུའང་རང་རང་སོ་སོའི་ཁེ་ཕན་ལ་གཞིགས་ནས་ཡང་སྲིད་མང་པོ་ངོས་འཛིན་བྱེད་སྲིད་པ་ཞིག་རེད། དེར་བརྟེན་མ་འོངས་པར་དེ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ནས་རྙོག་གླེང་རྒྱུན་ཆད་མེད་པ་ཞིག་ཡོང་ངེས་པ་མ་ཟད། སྡུག་ས་ནས་བཤད་ན་རྩོད་རྙོག་གམ་ཁ་ཕྱོགས་དེ་མ་འོངས་པར་མུ་མཐུད་བོད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཏུའང་འགྱུར་མི་སྲིད་པ་གཏན་ནས་མིན་པས་ད་ལན་དམིགས་བསལ་ཚོགས་ཆེན་ཐོག་གླེང་དགོས་པ་གཙོ་བོ་འདི་རེད་སྙམ།།

 

Share this:
༡༠༠༨ ཀློག་གྲངས།