ལྷ་ས་དང་དར་མདོའི་སློབ་མའི་ངོ་རྒོལ།

དེ་ཕྱོགས་ཀྱི་གནས་ཚུལ་ག་རེ་འདུག་”ཟེར། དེ་ནི་ངའི་གྲོགས་པོ་མགོན་པོ་རྣམ་རྒྱལ་རེད། ངས་ཀྱང  “ང་བདེ་མོ་ཡིན། ཁྱེད་བདེ་མོ་ཨེ་ཡིན་”བྱས།

ཁོས་ “ང་བདེ་མོ་ཡིན་དེ། དེ་རིང་ཞོགས་པ་འདི་གའི་དར་མདོ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ལྔ་བརྒྱ་ཙམ་གྱིས་ངོ་རྒོལ་སྐད་འབོད་བྱེད་ཀྱིན་འདུག སྐད་འབོད་བྱ་སའི་ས་གནས་ནི། འདི་གའི་སློབ་གྲྭའི་སྒོ་འགྲམ་ནས་དར་མདོའི་ཆེས་མཐོའི་ལས་ཁུངས་ཀྱི་རྒྱལ་སྒོའི་རྩ་དབར་རེད་འགི ཁོང་ཚོའི་དཀའ་ངལ་ནི། འདི་གའི་སློབ་གྲྭའི་སློབ་ཚན་སུམ་རྟགས་དག་གསུམ་ཙམ་ལས། ཚན་རིག་དང་། ཨང་རྩིས་སོགས་སློབ་ཚན་གཞན་པ་རྣམས་རྒྱ་ཡིག་ཁོ་ནའི་ཐོག་ཁྲིད་ཀྱིན་ཡོད་པ་དང་། བོད་ཡིག་གི་ལམ་ནས་ཁྲིད་ཀྱིན་པའི་སློབ་ཚན་དག་ལའང་དགེ་རྒན་ཡག་པོ་མེད་པས་མ་ཚད། སློབ་ཚན་དེ་དག་ཐོག་སྦྱོང་འབྲས་ཡག་པོ་ཞིག་ཐོན་ཡང་། ལས་གནས་ཀྱི་ས་མིག་ཐོག་ཞུགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་ཡོད་པའི་གནས་སྟངས་འོག བོད་མི་རིགས་ཀྱི་རིག་གཞུང་གི་སྙིང་པོ་སྐད་ཡིག་འདི་ནི། ཡིག་རྨོངས་པ་འགས་གྲོང་གསེབ་ཙམ་དུ་རྒྱག་རྒྱུ་ཞིག་དང་། དེའང་རིམ་པས་རྩ་ཡལ་འགྲོ་བའི་འཇིགས་ཉེན་སོགས་ཀྱིས་ཡིན་འདུག” ཟེར།

ངས་བྲེལ་འཚུབ་ཀྱིས། “ཨ་རོགས། ཨེ་ནི་ཁོང་ཚོའི་ཁྲོམ་སྐོར་སྐབས་ཀྱི་འབོད་སྒྲ་གཙོ་བོ་ག་རེ་རེད་འགི  ཁོང་ཚོ་ལ་ད་ལྟ་དགྲ་གཞུང་གིས་དྲག་གནོན་འདྲ་བྱས་མ་སོང་ངམ་”ཞེས་དྲིས་པ་ཡིན། ཁོས “ཁོང་ཚོའི་འབོད་སྒྲ་གཙོ་བོ་ནི། (མི་རིགས་ཀྱི་ངོ་བོ་སྐད་ཡིག་ཡིན། སྐད་ཡིག་གི་བདག་དབང་འདྲ་མཉམ་དགོས) ཟེར་ནས་འབོད་ཀྱིན་འདུག  ད་ལྟ་ཁྲོམ་སྐོར་བྱས་འགོ་བཙུགས་ནས་སྐར་མ་ལྔ་ཙམ་ཕྱིན་སོང་། ཉེན་རྟོག་པ་འགས་ཁ་པར་བཏང་སྟེ་བྲེལ་འཚུབ་ཀྱི་རྣམ་པ་ཙམ་ལས་གཏན་ཁེལ་གྱི་བྱ་བ་གང་ཡང་སྤེལ་མ་སོང་”ཟེར།

ངའི་སེམས་ལ་ད་ནི་མདོ་དབུས་ཁམས་གསུམ་གྱི་སློབ་མའི་ཞི་རྒོལ་ཞིག་བྱུང་སོང་། དཀོན་མཆོག་མཁྱེན། ད་དངོས་གནས་བོད་ཀྱི་མི་རབས་གསར་བ་ཚོས་འགན་ཁྱེར་ནས་ལངས་པའི་དུས་ཚོད་ཚེས་བྱུང་དྲན་པ་དང་། བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ཀྱང་། ད་རེས་གོ་སྐབས་དམ་འཛིན་དང་། ཤུགས་སྣོན་རིམ་པ་ཞིག་ཡོད་ངེས་སྙམ་སྟེ་དགའ་སྣང་ཚད་མེད་ངང་ཁོང་ལ། “ཁྱེད་ཀྱིས་དེ་རིང་གི་གནས་ཚུལ་རྣམས་ཞིབ་ཚགས་པོའི་ཐོག་རྒྱུས་ལོན་ཐུབ་པ་བྱོས། དེ་ནས་ངེས་པར་དུ་འདྲ་པར་འདྲ་རྒྱག་ཐུབ་པ་ཞིག་དང་། ཁོང་ཚོིའི་འབོད་སྒྲ་དག་སྒྲ་ལེན་ཐུབ་པ་གྱིས། བྱུང་ན་བརྙན་འཕྲིན་གསར་འགྱུར་ཞིག་ཕབ་ཐུབ་པ་བྱ་དགོས། ད་རེས་མ་འཆུག་ཨང་། ཕ་བཟང་བུ། ཡ་ཡ། ཚེ་རིང་་”ལབ་ནས་སྐད་ཆའི་མཚམས་བཞག

དེ་ནས་ངས་སྐད་ཆ་འདི་ཚོ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བསྐྱལ་ཐུབ་དགོས་སྙམ་ནས། སྤྱི་སྤྱོད་རྒྱང་གཏོང་ཁ་པར་ཁང་ཞིག་གི་ནང་སོང་། ངས་འཕར་ལྡིང་བྱེད་ཀྱིན་པའི་སེམས་པ་འདི་གནོན་ཅི་ཐུབ་བྱས་ནས། ཁ་པར་ཨང་གྲངས་རིམ་གྱིས་གནོན་བཞིན་པའི་སྐབས་དེར། བར་སྐོར་ནང་ནས་ནམ་རྒྱུན་དང་མི་འདྲ་བའི་འུར་ཟིང་ཞིག་ས་འགུལ་བ་ལྟར་ལྡིར་བྱུང་། མི་ཚོགས་ཀྱང་འཚང་ཁ་ཇེ་ཆེ་རེད་སོང་། སྐད་སྒྲ་གསལ་པོ་ཞིག་ཐོས་ཀྱིན་མི་འདུག་ཀྱང་། སློབ་མ་ཡིན་ནམ་བསམ་པའི་རུ་དཔུང་ཞིག་གིས་ཁྲོམ་ཚོགས་གཤག་བྱུང་།  ཁོང་ཚོས་ཚོས་མདོག་ལྗང་སྐྱ་ཅན་གྱི་སྟོད་གོས་དང་གུ་ཐུང་གྱོན་ཡོད་པ་མ་ཟད། འགའ་རེས་སྐེ་ལ་རས་དམར་ཞིག་ཀྱང་དཀྲིས་འདུག ཁོང་ཚོ་ཆུ་ལོག་ཞིག་འཕྱུར་ཡོང་བ་ལྟར་ཡིད་ཆེས་དང་སྤོབས་པའི་ངང་ནས་གཤར་ཡོང་གིན་འདུག  སློབ་མ་ཁག་ཅིག་གི་ལག་ཏུ་འཕྲེད་དར་རིང་པོ་ཞིག་ཁྱེར་འདུག་པ་ལ། ངས་ནན་གྱིས་བལྟས་པའི་མཐོང་ལམ་དུ། ཡིག་འབྲུ་འདི་དག་གསལ་བྱུང་། (སྐད་ཡིག་ལ་ཐོབ་ཐང་དགོས། གཅའ་ཁྲིམས་ལ་ལག་ལེན་དགོས)

ང་རང་དེ་ལས་ཀྱང་སེམས་འཚབ་ནས་དངངས་སྐྲག་ཞིག་སྐྱེས་བྱུང་ལ། ད་འགྲིགས་སོང་ཨ་་་་་་བསམ་པའི་སྤྲོ་སྣང་དམིགས་བསལ་བ་ཞིག་གིས་ཀྱང་ལུས་སེམས་གཉིས་ཆར་ལིང་ལིང་བཅག་བྱུང་། སྐབས་དེ་ཙམ་ནས་ཀྲོག་ཀྲོག་ཀྲོག་་་་་་་ཟེར་བའི་སྒྲ་སྐད་འཇིགས་ཡེར་རེ་བ་ཞིག་གྲགས་བྱུང་བས། ང་རང་ཞེད་སྣང་ཆེན་པོ་ཞིག་གིས་ཡོངས་སུ་གཙེས་ཏེ། ཅི་ཞིག་བྱ་དགོས་པའི་ཆོད་སེམས་ཀྱིས་ཡར་ལངས་ནས་བལྟས་པ་ན། བློ་ཕམ་དགོས་པ་ཞིག་ལ། ངའི་གྲོགས་པོ་བསྟན་འཛིན་གྲགས་པས་ཧང་སངས་ཏེ་ང་ལ་བལྟས་བསྡད་འགི  ཁོས་ཨ་རོགས་ད་དུང་ཉལ་བསྡད་ཡོད་དམ། དཀོན་མཆོག་གསུམ། ཁྱོད་ངོ་མ་སྨིན་གླིང་ཁྲི་ཆེན་གྱི་ཡང་སྲིད་ཡིན་ས་རེད།  ད་ཡར་ལོངས་དང་། ཀེ་ལ་ཤའི་ཟ་ཁང་ནང་ཇ་གང་འཐུང་མཁན་འགྲོ་ཟེར།

༢༠༡༠་༡༠་༢༦ ཉིན་འཆར་སྣང་ཟིན་བྲིས་སུ་སྤེལ།

Share this:
༥༠ ཀློག་གྲངས།