རང་དབང་མེད་ན་ང་ལ་ནུས་པ་ཏོག་ཙམ་ཡོད་པ་དེ་ཕན་ཐོགས་པ་མི་འདུག་ཅེས་༧གོང་ས་མཆོག་གིས་གསུངས།

ཟླ་འདིའི་ཚེས་༦ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་བཙན་བྱོལ་བ་ཆགས་པའི་བརྒྱུད་རིམ་གསུངས་པ་དང་། རྒྱ་མི་ནང་པ་མང་པོ་ཡོད་པ་ང་ཚོས་མཐུན་ཕྱོགས་ཡིན་པ་དང་། རྒྱ་རིགས་ནང་བོད་ཀྱི་ཆབ་སྲིད་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གིས་བོད་ལ་དྲག་གནོན་བྱས་པའི་སྲིད་ཇུས་དེ་ནོར་འཁྲུལ་བྱུང་ཡོད་པའི་བསམ་ཚུལ་རྒྱ་ནག་མཐོ་རིམ་མི་སྣའི་ནང་དུ་ཡང་ཡོང་གི་ཡོད་སྐོར་གསུངས་པ་དང་། རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས་སྐོར་གསུང་དོན། “ང་ཚོས་སྔོན་མ་སྐུ་ཚབ་བསྐོས་ནས་རྒྱ་མི་དང་འབྲེལ་བ་བྱས་པ་རེད། བར་ལམ་ནས་དེ་མཚམས་ཆད་པ་རེད། ད་ལྟ་ང་ཚོས་སྐུ་ཚབ་ཅིག་བསྐོས་ན་བསྐོ་ཆོག་ཆོག་རེད། བློ་བཟང་སེང་གེ་ལགས་ངེད་གཉིས་སྐད་ཆ་བྱུང་སོང་། ང་ཚོས་སྒྲིག་འཛུགས་ཀྱི་ཐོག་ནས་སྐུ་ཚབ་ཅིག་བསྐོས་ན། རྒྱ་མིས་དེ་ངོས་ལེན་མེད་ཅེས་ཚིག་སྡུག་ཆགས་ཤིག་བེད་སྤྱོད་བྱས་ན་ཡག་པོ་མི་འདུག དེ་ལས་ང་ལ་སྒེར་གྱི་ཐོག་ནས་རྒྱ་མི་ཚོང་པ་དང་རྒྱ་མི་ལས་བྱེད་པ་དེ་འདྲ་ང་ལ་ཐུག་སར་ཡོང་གི་འདུག སྔོན་ལ་ང་ལ་འབྲེལ་བ་ཡོད་པ་དེ་ཁོང་ཚོས་བཙན་བྱོལ་བ་ལ་འབྲེལ་བ་ཁྱོན་ནས་མེད་ཅེས་ཤུགས་ཆེན་པོ་བཤད་ཡོང་ན། དེ་གསད་རྐྱེན་བྱས་མི་ཡོང་ངམ། སྔོན་ལ་ང་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་དེ་ལྟར་བཞག་བཞག་ན། ང་ལ་རྒྱ་མིའི་ཚོང་པ་དང་རྒྱ་མིའི་ལས་བྱེད་པ་དེ་འདྲ་ཡོད་རེད། ང་ལ་རྒྱལ་ཚོང་བ་ལབ་མ་ཡོང་། (ཞལ་ཤོམ་དང་འབྲེལ་ནས་གསུངས།) རྒྱ་མི་དེ་ཚོས་ང་ལ་རྒྱ་ནག་ལ་ལོག་ཤོག་ཟེར་གྱི་འདུག ངས་ལོག་གི་མ་རེད་ཟེར་གྱི་ཡོད། རྒྱ་ནག་ལ་ལྟ་སྐོར་དེ་འདྲ་འགྲོ་རྒྱུའི་གོ་སྐབས་བྱུང་ན་ང་དགའ་པོ་ཞེ་དྲག་ཡོད། ང་ངེས་པར་དུ་ཡོང་གི་རེད། བོད་ལ་འགྲོ་རྒྱུར་ངེས་པར་དུ་འདོད་པ་ཡོད། རྒྱ་མི་ཁ་ཤས་ལ་ངས་གསལ་པོ་བཤད་ཀྱི་ཡོད། ངས་ནཱ་ལེནྡྲའི་ཆོས་བརྒྱུད་སློབ་སྦྱོང་བྱས་པ་རེད་ལ། མི་སྣ་མང་པོར་ཐུག ང་ཚན་རིག་པ་མང་པོར་ཐུག་ནས། བསམ་བློའི་ནང་ཏོག་ཙམ་རྒྱ་ཆེན་པོ་འདྲ་ཡོང་གི་ཡོད་རེད། དེ་ལ་རང་དབང་དགོས་རེད། རང་དབང་མེད་ན་ང་ལ་ནུས་པ་ཏོག་ཙམ་ཡོད་པ་དེ་ཕན་ཐོགས་པ་མི་འདུག དེར་བརྟེན་རང་དབང་དགོས་རེད། འགྱུར་བ་ག་རེ་འགྲོ་ཡི་འདུག ལྟ་ཡི་བྱེད་རྒྱུ་རེད་”ཅེས་བཀའ་སློབ་གནང་།

རྒྱ་གར་གྱི་གནའ་རབས་ཤེས་ཡོན་དང་འབྲེལ་ནས་གསུང་དོན། “ཉི་ཧོང་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་ཤོས་ཤིག་རེད། ཁོང་ཚོས་ཚོགས་འདུ་འཚོག་དུས་ངས་ལབ་ཡིན། སྤྱིར་བཏང་བཙན་བྱོལ་བ་སོ་སོའི་ལུང་པར་ག་དུས་ལོག་ཐུབ་ཨ་བསམས་ནས་སྡོད་མཁན་ཡོད་པ་རེད་དེ། ང་དེ་འདྲ་མིན། ངས་འཛམ་གླིང་གི་མི་གཅིག་གྱུར་གྱི་འདུ་ཤེས་བཞག་ནས་བསྡད་ཡོད། གང་ལྟར་མི་ལ་ཕན་ཐོགས་ཡོང་ན་ངས་དེ་འདེམས་ཀྱི་རེད་མ་གཏོགས་ཡིན་གཅིག་མིན་གཉིས་ང་རང་ལུང་པར་ལོག་རྒྱུ་ལོ་སྔ་ཕྱི་བྱས་ནས་སྒུག་སྡོད་མཁན་མིན་ཟེར་གྱི་ཡོད། བོད་རྒྱ་ཆེའི་མི་མང་ནང་ནས་ང་རྒྱ་གར་དུ་བཞུགས་ན་ང་ཚོར་འགྲིག་འདུག བོད་ལ་ཕེབས་ན་བསམ་བློའི་ནང་དགའ་པོ་བྱུང་ས་རེད་དེ། རྒྱ་མིའི་ལག་པར་ཤོར་ན་ང་ཚོས་ཕན་ཐོགས་ཡོང་གི་མ་རེད་ཅེས་བོད་ནང་ནས་བསམ་བློ་ཡོད་མཁན་ཚོས་ལན་དེ་འདྲ་བསྐུར་ཡོང་གི་འདུག ང་རང་ལ་ཀླད་པ་ཏོག་ཙམ་ཡོད་པ་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་ཐོག་ནས་བྱུང་བ་རེད། སྟོན་པ་ཐུགས་རྗེ་ཅན་རྒྱ་གར་རེད། རྗེ་ཡབ་སྲས་ཚོ་རྒྱ་གར་རེད། རྒྱ་གར་ང་ཚོའི་ཕ་མེས་ཀྱི་རིག་གཞུང་ཡོང་ས་ཆགས་བསྡད་ཡོད་དུས། དེང་སྐབས་ངས་རྒྱ་གར་གྱི་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱེད་ཐབས་སུ་འབད་བརྩོན་བྱས་བསྡད་ཡོད། བར་ལམ་རྒྱ་གར་དབྱིན་ཇི་འོག་ལ་ཚུད་ནས་དེང་དུས་ཤེས་ཡོན་རྐྱང་རྐྱང་ཐོག་སོང་དུས། རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་འཐུས་ཤོར་འགྲོ་ཡི་འདུག དེང་དུས་ཀྱི་ཤེས་ཡོན་རྐྱང་རྐྱང་ཐོག་ནས་སེམས་ལ་ཞི་བདེ་ཡོང་གི་མི་འདུག་”ཅེས་གནའ་རབས་རྒྱ་གར་གྱི་སེམས་ཁམས་རིག་པ་དང། དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་དགོས་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་རྒྱ་གར་གྱི་མཐོ་སློབ་ཁག་ཅིག་ནང་ཕེབས་འཆར་ཡོད་སྐོར་དང། ལོ་ལྟར་སྐུ་གཟུགས་སྨན་པས་བརྟག་དཔྱད་བྱས་ཏེ་ད་ལོ་ཁྲག་གི་ནུས་པ་ཡར་རྒྱས་ཕྱིན་ཡོད་པས། ཡུ་རོབ་དང་ཨ་རི་ལ་ཕེབས་རྒྱུར་རེ་བ་ཡོད་སྐོར་དང་། ང་ཚོའི་རླབས་ཆེན་གྱི་མི་རབས་གོང་མའི་རྗེས་ཟིན་ཐུབ་དགོས་སྐོར་གྱི་བཀའ་སློབ་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༣༧ ཀློག་གྲངས།