དཔའ་བོ་དཔའ་མོ་རྗེས་དྲན་གྱི་ལག་སྤོལ་གཟེངས་རྟགས་སྨན་རྩིས་ཁང་མཐོ་སློབ་ལ་ཐོབ།

ཟླ་འདིའི་ཚེས་༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་༤༩ འཁོར་བའི་དུས་དྲན་དང་བསྟུན། བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་གྱི་ཆེད་འདི་ལོའི་ལག་རྩེད་སྤོ་ལོའི་རྩེད་འགྲན་གྱི་ཉིན་མཐའ་མའི་རྩེད་འགྲན་བྱས་ཡོད་པ་རེད།

རྩེད་འགྲན་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཕེབས་ནས་ལམ་སྟོན་གསུང་བཤད་གནང་སྐབས། གཞོན་ལྷན་གྱི་མཐུན་གཞས་ནང་ཡོད་པ་བཞིན་ཚོགས་མི་ཚང་མས་དེའི་ནང་དོན་མཁྱེན་དགོས་པ་དང་། རྩ་དོན་ཆེད་དང་བོད་མི་ནང་ཁུལ་མཐུན་སྒྲིལ། ༧གོང་ས་མཆོག་གི་དགོངས་གཞི་སྐོར་གསལ་ཡོད་པ་གལ་ཆེན་ཡིན་པས་མཐུན་གཞས་བཏང་བ་ཙམ་མིན་པར་ལག་བསྟར་དགོས་པ་གལ་ཆེན་པོ་རེད། ང་ཚོའི་ཁ་གཏད་རྒྱ་ནག་དམར་ཤོག་གཞུང་ཡིན་པས། ལངས་ཕྱོགས་ག་རེ་ཡིན་ཡང་ནང་ཁུལ་མ་འཆམ་པ་བརྩད་ནས་མ་བསྡད་པར། ང་ཚོའི་རྒྱལ་ཁབ་ལ་བཙན་འཛུལ་བྱེད་མཁན་ཐོག་ལྟ་དགོས་པ་གལ་ཆེ་སྐོར། རྩེད་མོའི་འདིའི་རིགས་ཀྱིས་འཕྲོད་བསྟེན་ལ་ཕན་ཐོགས་དང་ནང་ཁུལ་མཐུན་སྒྲིལ་ལ་ཕན་ཐོགས་ཡོད་པས། རྩེད་འགྲན་མང་པོ་གོ་སྒྲིག་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།

གཞོན་ལྷན་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་གསུང་བཤད་གནང་སྐབས། རྒྱལ་གཅེས་དཔའ་བོ་དཔའ་མོ་གྲོངས་ཟིན་པ་དང་། ད་ལྟ་རྒྱ་ནག་གི་བཙལ་འཛུལ་འོག་མྱོང་བཞིན་ཡོད་པ་ཚོར་རྗེས་དྲན་དང་། བོད་ཀྱི་གཞོན་ལྷན་དེ་དགྲ་བོ་རྒྱ་ནག་གིས་སྡང་ཟུག་བྱེད་ས་ཞིག་ཡིན་པས། དཔའ་བོ་དཔའ་མོ་ཚོར་རྗེས་དྲན་དེ་སོ་སོའི་ནུས་པ་དང་རྩལ་ག་རེ་ཡིན་ཡང་སྡིངས་ཆ་གལ་ཆེན་པོ་ཡིན་པས། ལག་རྩེད་སྤོ་ལོ་རྩེད་འགྲན་ཡང་སྡིངས་ཆ་ཞིག་རེད། ཚང་མ་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ང་རང་ཚོ་སྐྱབས་བཅོལ་བ་ཡིན་པ་དྲན་པ་བརྗེད་མི་ཉན་སྐོར་གསུངས་སོང་།

ཐེངས་འདིའི་རྩེད་འགྲན་ནང་བུ་རྩེད་འགྲན་པ་རུ་ཁག་བཅུ་མཉམ་ཞུགས་བྱས་ཡོད་པ་དང་། མཐའ་མའི་རྩེད་འགྲན་ནང་སཱ་ར་མཐོ་སློབ་རུ་ཁག་དང་སྨན་རྩིས་ཁང་མཐོ་སློབ་རུ་ཁག་གཉིས་བསླེབས་ཏེ་རྩེད་འགྲན་བྱས་མཐར། སྨན་རྩིས་ཁང་རུ་ཁག་ལ་རྒྱལ་ཁའི་རྟགས་མ་ཐོབ་ནས་སཱ་ར་ཨང་གཉིས་པ་ཆགས་ཡོད་པ་རེད། འདི་ལོར་རྩེད་འགྲན་ནང་བུད་མེད་རུ་ཁག་སྨན་རྩིས་ཁང་དང་སཱ་ར་གཉིས་ལས་མཉམ་ཞུགས་བྱེད་མཁན་མ་བྱུང་བས། ཉིན་མཐའ་མར་ཁོང་གཉིས་བར་རྩེད་འགྲན་བྱས་ཏེ་སྨན་རྩིས་ཁང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།

རྩེད་འགྲན་འདི་ནི་ལོ་ལྟར་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག གཞོན་ལྷན་དབུ་བརྙེས་པའི་ཉིན་མོ་དང་བསྟུན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་འཕྲོད་བསྟེན་གྱི་ཆེད་དུ་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༤༣༣ ཀློག་གྲངས།