ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་(NBA)ནང་དུའང་རྒྱ་ནག་གི་གནོན་ཤུགས་ཆེན་པོ་སླེབ་བཞིན་ཡོད་འདུག  

དེང་སྐབས་འཛམ་གླིང་གི་མི་འབོར་མང་ཤོས་ལྡན་པའི་རྒྱ་ནག་ནི་གོ་ལའི་དཔལ་འབྱོར་གྱི་སྟོབས་ཤུགས་ཨང་གཉིས་པ་དང་། རྒྱལ་སྤྱིའི་ཁྲོམ་ར་ཆེ་ཤོས་ཤིག་ཏུ་གྱུར་ཡོད་སྟབས། རྒྱ་ནག་གཞུང་དང་མི་མང་གིས་དམིགས་བསལ་གྱི་གོ་ཐོབ་དེ་བཀོལ་ནས་ཕྱིའི་བཟོ་ཚོང་ཁང་ཆེ་ཆུང་ཐམས་ཅད་ལ་གནོན་ཤུགས་སྤྲོད་རྐྱང་བྱེད་ཀྱིན་ཡོད་པ་དང་། བཟོ་ཚོང་ཁང་དེ་དག་གིས་ཀྱང་(ཐའེ་ཝན་དང་བོད་གཉིས་འཛམ་གླིང་རྒྱལ་ཁབ་ཀྱི་ས་ཁྲའི་ངོས་སུ་བཀོད་པའམ། ཡང་ན་༧ཏཱ་ལའི་བླ་མའི་གསུང་ཚིག་བཟོ་ཚོང་ཁང་གི་དྲྭ་ངོས་སུ་བཞག་པ་ལྟ་བུའི)“ནོར་འཁྲུལ”རེ་ཤོར་མ་ཐག སོ་སོའི་ཚོང་གི་ཁེ་ཕན་ཆེད་དུ་རྒྱ་ནག་ལ་དགོངས་སེལ་ཞུས་ཏེ་བསྟུན་ཆེ་ཐུབ་ཆུང་ཐུབ་བྱེད་བཞིན་ཡོད། ད་ཐེངས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་སམ་NBA ནས་ཀྱང་ཚོང་གི་ཁེ་ཕན་ཆེད་དུ་རྒྱ་ནག་མི་མང་ལ་དགོངས་དག་ཞུ་དགོས་ཁེལ་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་ ༤ རེས་གཟའ་ཕུར་བུའི་ཉིན་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ཀྱི་འཕུར་མདའ་རུ་ཁག་(Rockets)གི་སྤྱི་གཉེར་བ་ཌ་ལི-མོ་རེ་(Daryl Morey)ཡིས་“རང་དབང་གི་ཆེད་དུ་རྩོད་དགོས། ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་”ཅེས་པའི་འབོད་ཚིག་ཅིག་དྲ་ཐོག་ཏུ་བཞག་པ་དེར། རྒྱ་ནག་གི་མི་མང་ཚོས་སྐྱོན་བརྗོད་དང་ཁ་རྡུང་དྲག་པོ་བཏང་བ་མ་ཟད། རྒྱ་ནག་གི་སྦྱིན་བདག་དང་ཚོང་ཤག་རྣམས་ཀྱིས་ཀྱང་འཕུར་མདའ་རུ་ཁག་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པ་དང་། རྒྱ་ནག་རྒྱལ་ཡོངས་བརྙན་འཕྲིན་ཁང་ནས་འཕུར་མདའ་རུ་ཁག་གི་རྩེད་འགྲན་རྣམས་བརྒྱུད་གཏོང་བྱེད་མཚམས་འཇོག་གི་ཡིན་པ་སོགས་ཀྱི་འཇིགས་སྐུལ་དང་གནོན་ཤུགས་སྤྲད་པས། སྤྱི་གཉེར་བ་ཁོ་རང་གིས་འབོད་ཚིག་དེ་ཕྱིར་བསུབས་ནས་རྒྱ་ནག་མི་མང་ལ་ཕོག་ཐུག་བཏང་བར་དགོངས་སེལ་ཞུས་པའི་ཐོག རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ནས་ཀྱང་འཕུར་མདའ་རུ་ཁག་གི་སྤྱི་གཉེར་བའི་སྐད་ཆ་དེ་ཁོ་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས། དེས་འཕུར་མདའ་རུ་ཁག་གི་ལྟ་བའམ་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ཀྱི་ལྟ་བ་མཚོན་མི་ཐུབ་པའི་འགྲེལ་བཤད་དང་དགོངས་སེལ་ཡང་ཞུས་ཡོད་འདུག 

ཉེ་བའི་ཟླ་ངོ་གསུམ་ལྷག་གི་རིང་ལ་བྱུང་དང་འབྱུང་མུས་སུ་ཡོད་པའི་ཧོང་ཀོང་གི་རང་དབང་འཐབ་རྩོད་ལ། རྒྱབ་སྐྱོར་གྱི་ཚིག་འབྲུ་རེ་ཟུང་ཞིག་བཤད་པར་བརྟེན་ནས་ཤིན་ཏུ་སྙན་གྲགས་ཆེའི་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་དང་། འཕུར་མདའ་རུ་ཁག་ལ་འཕྲད་པའི་གནོན་ཤུགས་དང་འཇིགས་སྐུལ་དེའི་དབང་གིས་འཕུར་མདའ་རུ་ཁག་གི་སྐར་ཆེན་ཇམ་སི-ཧར་ཌན་(James Harden)གྱིས་ཀྱང་རྒྱ་ནག་ལ་དགའ་པོ་ཡོད་ཅེས་བཤད་དེ་རྒྱ་ནག་ལ་སྟུན་ཐབས་བྱེད་དགོས་ཁེལ་ཡོད་འདུག  

རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ཀྱི་བྱེད་སྟངས་དེར་ཨ་རིའི་མི་མང་དང་། ལྷག་པར་དུ་ཆབ་སྲིད་པ་མི་ཉུང་བ་ཞིག་གིས་སྐྱོན་བརྗོད་དང་སེམས་ཕམ་བྱེད་ཀྱི་ཡོད་འདུག་སྟེ། ཁོང་ཚོས་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ཀྱིས་མང་གཙོའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་ཚབ་ཏུ་སྒོར་མོའི་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པར་མགོ་འབུལ་ཞུས་པ་དེ་ནི་སྐྱུག་བྲོ་བ་དང་བློ་ཕམ་པོ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༥༧༢ ཀློག་གྲངས།