ཞི་ཅིན་ཕིང་རྒྱ་གར་དུ་མ་སླེབས་སྔོན་བོད་མི་༡༠ འཛིན་བཟུང་བྱས་ཟིན་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ། སྲིད་བློན་མཱོ་དྷི་དང་གྲོས་མོལ་བྱེད་པར་མ་སླེབས་པའི་སྔོན་ནས། རྒྱ་གར་ཉེན་རྟོག་པས་བོད་མི་༡༠ འཛིན་བཟུང་བྱས་ཟིན་ཡོད་ཁར། སློབ་མ་མང་པོ་ཞིག་ཉེན་རྟོག་ཁང་དུ་ཁྲིད་ནས་ལས་འགུལ་མི་སྤེལ་བའི་ཁས་ལེན་ཡི་གེར་མིང་རྟགས་བཀོད་བཅུག་ཡོད་འདུག 

ཟླ་༡༠ པའི་ཚེས་༡༡ ནས་༡༢ བར་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཏཱ་མིལ་ན་རྡུ་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་འཛིན་མཱོ་དྷི་གཉིས་ཐུག་འཕྲད་དང་གྲོས་མོལ་གྱི་ལས་རིམ་ཞིག་གཏན་འཁེལ་ཆགས་ཡོད་པ་དང་། དེ་དང་བསྟུན་ནས་རྒྱ་གར་ཉེན་རྟོག་པས་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ལ་ཡང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པའི་ཁར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཐབས་མེད་པ་བཟོ་ཆེད་དུ། སྔོན་ཚུད་ནས་བོད་མི་ལས་འགུལ་བ་༡༠ འཛིན་བཟུང་བྱས་ཟིན་འདུག་པ་དང་། ཁོང་རྣམས་ཞི་ཅིན་ཕིང་རྒྱ་གར་ནས་མ་ཐོན་བར་དུ་གློད་གྲོལ་གཏོང་མི་སྲིད་པ་རེད་འདུག 

དེ་ཡང་ཟླ་༡༠ པའི་ཚེས་༥ ཉིན་བོད་ཀྱི་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས། འགོ་ཁྲིད་གཉིས་བར་ཐུག་འཕྲད་བྱེད་ཡུལ་གྱི་གྲོང་ཁྱེར་དེ་ནས་ཀི་ལོ་མི་ཊར་༡༠༠ ལྷག་ཡོད་པའི་ས་གནས་ཤིག་ནས་འཛིན་བཟུང་བྱས་འདུག་པ་དང་། ཚེས་༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཁུལ་དེའི་བོད་རིགས་སློབ་ཕྲུག་ཚོགས་པ་བཅས་ལས་གྲུབ་པའི་ལས་འགུལ་བ་༨ འཛིན་བཟུང་བྱས་འདུག དེ་ཡང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དབུས་གསང་བའི་ལས་ཁུངས་ཀྱིས་མངའ་སྡེའི་ཉེན་རྟོག་པར། བོད་མི་ལས་འགུལ་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་འཐེན་ཟིན་པའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད་འདུག 

དེ་བཞིན་ཚེས་༨ ཉིན་ཉེན་རྟོག་པས་མངའ་སྡེ་དེའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་དཔོན་གཞོན་པ་བསྟན་འཛིན་ནོར་བུ་འཛིན་བཟུང་བྱས་འདུག་པ་དང་། དེ་ཡང་ཁོང་དང་བོད་རིགས་སློབ་མ་ཁག་ཅིག་གིས། སྲིད་འཛིན་ཞི་ཅིན་ཕིང་ལ་དར་ཆ་ནག་པོ་བསྟན་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་འཐེན་ཡོད་པས་ཡིན་འདུག དེའི་ཐོག་ཁུལ་དེར་མཐོ་སློབ་འགྲིམ་མཁན་བོད་རིགས་སློབ་མ་༣༢ ཙམ་འབོད་འགུག་བྱས་པ་དང་། ལས་འགུལ་མི་སྤེལ་བའི་ཡིག་ཆར་མིང་རྟགས་བཀོད་རྗེས་གློད་གྲོལ་བཏང་ཡོད་སྐོར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བཀོད་འདུག 

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་ཡོང་གི་ཡོད་པ་དང་བསྟུན། རྒྱ་གར་གྱི་ནང་སྲིད་ལས་ཁུངས་ལ་བོད་དོན་ཐོག་སློབ་སྟོན་པ་ཟུར་པ་ཨཱ་མི་ཏ་མཱ་ཐུར་ཞེས་པས། རྒྱ་གར་བརྒྱུད་ལམ་ཧིན་རྡུ་སེ་ཐན་དུས་བབ་ཐོག་ཏུ། རྒྱ་གར་གྱིས་རྒྱ་ནག་གིས་བོད་ཐོག་ལ་འཆར་གཞི་འཐེན་བཞིན་པ་དེར་འགོག་རྒོལ་བྱེད་དགོས་པ་དང་། བོད་དང་རྒྱ་ནག་གི་གནད་དོན་སེལ་ཆེད་དུ་རྒྱ་གར་གྱིས་རྒྱ་ནག་ལ་༧གོང་ས་མཆོག་ལ་གྲོས་མོལ་བྱེད་པའི་སྐུལ་མ་གཏོང་བའི་དུས་ལ་སླེབས་ཡོད་པ་དང་། སྲིད་བློན་མྰོ་དྷི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་༧གོང་ས་མཆོག་བར་ཐུག་འཕྲད་གཅིག་གོ་སྒྲིག་བྱེད་ཐུབ་ཚེ་སྙིང་སྟོབས་ལྡན་པའི་བྱ་གཞག་གཅིག་ཡིན་སྐོར་གྱི་རྩོམ་ཞིག་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༣༨༥ ཀློག་གྲངས།