པེ་རག་གྲོང་ཁྱེར་སྤྱི་ཁྱབ་དཔོན་གྱིས་པེ་ཅིང་དང་འབྲེལ་བ་བཅད་འདུག

ཟླ་ཤས་སྔོན་ལ་ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་གྱིས། པེ་རག་དང་པེ་ཅིང་གྲོང་ཁྱེར་གཉིས་བར་གྱི་འབྲེལ་ལམ་གྲོས་མཐུན་ནང་། རྒྱ་ནག་གཅིག་གྱུར་སྲིད་བྱུས་ལ་རྒྱབ་སྐྱོར་དགོས་པའི་དོན་ཚན་དེ་ཕྱིར་འཐེན་མ་བྱས་ཚེ། གྲོས་མཐུན་གྱི་ཆ་རྐྱེན་ཆ་ཚང་རྩིས་མེད་གཏོང་རྒྱུའི་སྡིགས་སྐུལ་བྱས་ཡོད་པ་ལྟར།

ཟླ་༡༠ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༧ ཉིན་ཁོང་གིས་དངོས་སུ་གྲོས་མཐུན་ནས་པེ་རག་གྲོང་ཁྱེར་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བྱས་འདུག

ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ཛཱེ་ནེག་ཧཱ་རིབ་ནི་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་མཁན་དང་། བོད་དང་ཐའེ་ཝན་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་ཡོངས་གྲགས་ལྟར། ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་ཐབས་གང་ཡོང་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར། ཁོང་གིས་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ལས་ཁུར་བླངས་ནས་ཟླ་བ་གཅིག་ལས་མ་སོང་བའི་སྐབས་ཏེ། ལོ་སྔོན་མའི་ཟླ་༡ པོའི་ནང་གྲོང་ཁྱེར་དེར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཀྱི་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱེད་བཞིན་པའི་སྐབས་སུ། རྒྱ་ནག་གི་སྐུ་ཚབ་ཀྱིས་ཁོང་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་བྱས་ཏེ། ལྷན་ཚོགས་དེ་ནས་ཐའེ་ཝན་གྱི་སྐུ་ཚབ་ཕྱིར་འབུད་གཏོང་བའི་རེ་སྐུལ་བྱས་འདུག་ཀྱང་། ཁོང་གིས་ངོས་ལེན་བྱས་མེད་པས། ཐའེ་ཝན་སྐུ་ཚབ་རྣམས་ལྷན་ཚོགས་དེར་མཉམ་ཞུགས་བྱེད་ཐུབ་པ་བྱུང་འདུག གནད་དོན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་པེ་རག་གྲོང་ཁྱེར་གྱི་མིང་འཁུར་མཁན་རོལ་དབྱངས་ཚོགས་པ་ཁག་ཅིག རྒྱ་ནག་ནང་འཁྲབ་སྟོན་བྱེད་རྒྱུར་བཀག་སྡོམ་བྱས་འདུག

གྲོང་ཁྱེར་སྤྱི་ཁྱབ་དཔོན།

དེ་བཞིན་ཆེག་སྤྱི་མཐུན་རྒྱལ་ཁབ་ནང་རྒྱ་ནག་གིས་མ་འཛུགས་ཆེན་པོ་བྱེད་བཞིན་ཡོད་ཁར། རྒྱལ་ས་པེ་རག་གྲོང་ཁྱེར་ནང་གི་རྐང་སྤོལ་རྩེད་འགྲན་རུ་ཁག་གཅིག་དང་ཆང་རག་བཟོ་གྲྭ་ཉོས་ཡོད་པ་དང་། སྒེར་གྱི་བརྙན་འཕྲིན་ཁང་ཞིག་གི་མ་རྐང་ཉོས་པ་སོགས་བྱས་ཡོད་པས། སྐབས་སྔོན་མའི་སྤྱི་ཁྱབ་དཔོན་གྱི་སྐབས་སུ་པེ་རག་གྲོང་ཁྱེར་གྲོས་ཚོགས་ཀྱིས། པེ་ཅིང་དང་པེ་རག་གྲོང་ཁྱེར་གཉིས་བར་གྱི་འབྲེལ་ལམ་གྲོས་མཐུན་ནང་། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་ཏེ་མིང་རྟགས་བཀོད་ཡོད་འདུག་ཀྱང་། ད་ལྟའི་སྤྱི་ཁྱབ་དཔོན་ཛཱེ་ནེག་ཧཱ་རིབ་ཀྱིས། ཕྱི་ལོ་༢༠༡༦ ལོར་བཞག་པའི་པེ་རག་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར་གཉིས་བར་གྱི་འབྲེལ་ལམ་གྲོས་མཐུན་ནང་པེ་རག་གྲོང་ཁྱེར་གྱིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་དོན་ཚན་དེ་ཕྱིར་འཐེན་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་གྲོས་མཐུན་གྱི་ཆ་རྐྱེན་ཚང་མ་རྩིས་མེད་གཏོང་རྒྱུའི་སྡིགས་བསྐུལ་ཡང་བྱས་འདུག ཁོང་གིས་དོན་ཚན་དེ་ནི་ཕྱོགས་གཅིག་གི་ཁས་ལེན་བསྒྲགས་གཏམ་ཡིན་པ་དང་། བསྒྲགས་གཏམ་དེ་རིགས་ཕྱོགས་གཉིས་བར་གྱི་གྲོས་མཐུན་ནང་འཇོག་པར་ངོས་ལེན་མེད་པ་དང་། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་བར་གྱི་གནད་དོན་མགོ་རྙོག་ཅན་ཞིག་ཡིན་པས། ཁོང་གིས་རྒྱལ་སའི་གྲོང་ཁྱེར་གཉིས་བར་གྱི་ཚད་གཞི་ལ་གཞི་འཛིན་གྱིས་གནད་དོན་སེལ་གྱི་ཡོད་སྐོར་བརྗོད་འདུག

ཟླ་༡༠ པའི་ཚེས་༧ ཉིན་སྤྱི་ཁྱབ་དཔོན་ཁོང་གིས་རྒྱ་ནག་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དགོས་པའི་དོན་ཚན་དེ་ཕྱིར་འཐེན་བྱེད་རྒྱུར་ཁས་ལེན་བྱེད་ཀྱི་མེད་པས། པེ་རག་དང་པེ་ཅིང་གྲོང་ཁྱེར་གཉིས་བར་བཞག་པའི་གྲོས་མཐུན་ནས་པེ་རག་ཕྱིར་འཐེན་བྱས་པ་ཡིན་སྐོར་བརྗོད་འདུག གནད་དོན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ཁྲོའི་ཐོག་ནས་ངོ་དེབ་སྟེང་དུ། པེ་རག་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་བསམ་སྤྱོད་གང་མགྱོགས་འགྱུར་བ་གཏོང་དགོས་པ་དང་། དེ་ལྟ་མ་བྱས་ཚེ་སོ་སོའི་ཁེ་ཕན་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་སྐོར་དང་། གྲོས་མཐུན་ནས་ཕྱིར་འཐེན་བྱས་པ་དེས་ཕྱོགས་གཉིས་བར་གྱི་ཡིད་ཆེས་རྩིས་མེད་བཏང་ཡོད་པས། དེས་རྒྱ་ནག་དང་ཆེག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་སྐོར་བརྗོད་འདུག

ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གིས་རྒྱ་ནག་གི་མ་འཛུགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཡིན་ཁར། རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། དབུས་གཞུང་དང་པེ་རག་གྲོང་ཁྱེར་འཛིན་སྐྱོང་གཉིས་ཀྱི་ལངས་ཕྱོགས་འགལ་ཟླ་འགྲོ་བཞིན་ཡོད་ཀྱང་། དབུས་གཞུང་གི་ཕྱི་སྲིད་ལས་ཁང་གིས་གནད་དོན་དེའི་ཐོག་དབུས་གཞུང་གིས་ཐེ་བྱུས་བྱེད་རྒྱུ་མིན་སྐོར་བརྗོད་འདུག

རང་ལོ་༣༨ ཡིན་པའི་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་ཁོང་དེ་སྔོན་ཐའེ་ཝན་དུ། སྨན་པའི་ཉམས་གསོག་སྦྱོང་བརྡར་བྱེད་མྱོང་ཡོད་འདུག ཁོང་ནི་སྲིད་དོན་ཚོགས་པ་ཁག་ཅིག་ཟླ་སྒྲིལ་གྱིས་གཞུང་འཛིན་ཚོགས་པས་སྤྱི་ཁྱབ་དཔོན་དུ་བསྐོ་གཞག་བྱས་པ་ཞིག་ཡིན་འདུག་པས། རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་དེ་ཁོང་གི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཚོའི་སྲིད་བྱུས་ལག་བསྟར་བྱེད་པ་ཞིག་ཡིན་སྐོར་ནན་བརྗོད་བྱས་འདུག

འདི་ལོའི་ཟླ་༣ པའི་ནང་པེ་རག་གྲོང་ཁྱེར་སྲིད་གཞུང་གིས་དེ་སྔོན་པེ་རག་གི་མང་གཙོའི་སྲིད་འཛིན་དང་པོ་བོད་དོན་རྒྱབ་སྐྱོར་བ་ཧཱ་ཝིལ་སྐབས་སུ་བོད་ཀྱི་རྒྱལ་དར་སྒྲིང་འཛུགས་ཀྱི་ལས་དོན་དེ་བསྐྱར་གསོ་བྱས་ཡོད་པ་དང་། ལས་དོན་དེ་སྐབས་སྔོན་མའི་གྲོང་ཁྱེར་སྲིད་གཞུང་གིས་ཕྱིར་འཐེན་བྱས་ཡོད་ཁར། ཁོང་གིས་རྒྱ་ནག་ལ་ཁ་གཏད་ཀྱིས་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཐུག་འཕྲད་ཀྱང་བྱས་འདུག དེའི་རྗེས་སུ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པི་ལ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་ཏེ། རྒྱ་ནག་གཞུང་ལ་ཧྥ་ལོང་གྷོང་དང་འབྲེལ་བའི་བཙོན་པ་རྣམས་ཀྱི་དབང་པོ་བཀོག་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག ཁོང་གིས་ཐའེ་ཝན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མང་གཙོའི་ལམ་ལུགས་ཡོད་པ་དང་འཕྲུལ་ཆས་གསར་གཏོད་ཀྱི་ཚད་གཞི་མཐོན་པོ་ཡོད་པས། ཐའེ་ཝན་གྱིས་པེ་རག་གྲོང་ཁྱེར་ནང་མ་འཛུགས་བྱས་ཚེ་ཁེ་ཕན་ཆེ་བ་ཡོད་སྐོར་བརྗོད་མྱོང་ཡང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༦༤ ཀློག་གྲངས།