ཨི་རན་བུད་མེད་རྣམས་ཀྱིས་ཐེངས་དང་པོར་རྐང་སྤོལ་འགྲན་སྡུར་ལྟད་མོ་བལྟས་འདུག

ཨི་རན་བུད་མེད་རྣམས་ཀྱིས་ཐེངས་དང་པོར་རྐང་སྤོལ་འགྲན་སྡུར་ལྟད་མོ་བལྟས་འདུག

བུད་མེད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་དམ་དྲག་ཆེན་པོ་ཡོད་པའི་ཨི་རན་ལུང་པའི་ནང་། ལོ་ངོ་༤༠ ཡི་ནང་ཐེངས་དང་པོར་བུད་མེད་རྣམས་རྐང་སྤོལ་རྩེད་འགྲན་བལྟ་ཆེད་དུ་རྩེད་རྭའི་ནང་དུ་འགྲོ་བཅུག་འདུག་པ་དང་། བུད་མེད་རྣམས་ཀྱིས་གཞུང་གི་ཐག་གཅོད་དེར་དགའ་བསུ་ཆེན་པོ་བྱེད་བཞིན་འདུག་ཀྱང་། ཡར་རྒྱས་གཏོང་ཡུལ་གྱི་གཞི་ཡང་མང་པོ་ལྷག་ཡོད་འདུག 

ཟླ་༡༠ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་རན་ནང་རྙིང་ཞེན་མཁྲེགས་འཛིན་པའི་ཆོས་དཔོན་ཚོས། བུད་མེད་རྣམས་སྐྱེས་པའི་ལུས་སྟོབས་དང་རྩལ་སྟོན་ཡུལ་གྱི་རྩེད་རྭ་སོགས་ཀྱི་ནང་དུ་གཏོང་མི་རུང་བ་སོགས་ནི་ཁ་ཆེ་ཆོས་ལུགས་ཀྱི་ཁྲིམས་ནང་ཡོད་ཚུལ་སྒེར་གྱི་འགྲེལ་བརྗོད་བྱས་ནས། རྒྱལ་ཁབ་དེའི་ནང་བུད་མེད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་ཡོད་ཀྱི་འདུག

ཨི་རན་གཞུང་གི་དཔོན་རིགས་ཁག་ཅིག་གིས་བུད་མེད་རྣམས་རྐང་སྤོལ་སོགས་རྩེད་མོའི་རིགས་ལ་ལྟད་མོ་བལྟ་ཆོག་པ་བཟོ་ཐབས་བྱས་ཡོད་ཀྱང་།རྒྱལ་ཁབ་དེའི་བླ་ན་མེད་པའི་འགོ་ཁྲིད་དང་ཆོས་ལུགས་མི་སྣ་སོགས་ཀྱི་དགག་བྱ་ལ་བརྟེན་ནས་མདུན་བསྐྱོད་བྱས་ཐུབ་མེད་འདུག འོན་ཀྱང་འདི་ལོའི་ཟླ་བ་༩ པའི་ནང་ཨི་རན་གྱི་བུད་མེད་རང་ལོ་༢༩ ཡིན་པ་སཱ་ཧར་གྱིས། སོ་སོའི་དགའ་མོས་བྱེད་ཡུལ་ཨི་རན་གྱི་རྒྱལ་ནང་རྐང་སྤོལ་རུ་ཁག་གཅིག་གི་རྩེད་འགྲན་ལ་ལྟད་མོ་བལྟ་ཆེད་དུ། བུའི་ཆས་སྤྲས་ནས་རྩེད་རྭར་སོང་སྐབས་འཇུ་བཟུང་བྱས་ཡོད་པ་དང་། རྗེས་སུ་མོས་གནད་དོན་དེ་ལ་བརྟེན་ནས་རང་ལ་ཟླ་བ་༦ (བརྒྱུད་ལམ་ཁག་ཅིག་ཏུ་ལོ་༢ འཁོད་འདུག)གི་བཙོན་འཇུག་ཁྲིམས་ཆད་འཕོག་ཉེན་ཡོད་པ་ཤེས་ནས། ཁྲིམས་ཁང་གི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་གྲོངས་ཡོད་པས། རྒྱལ་སྤྱིའི་ནང་ཨི་རན་ནང་བུད་མེད་ཀྱི་རང་དབང་དང་ཐོབ་ཐང་གི་གནས་ཚད་དམའ་བོ་ཡིན་པ་དང་། ཕོོ་མོ་བར་དབྱེ་འབྱེད་ཆེན་པོ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པས། རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་ཨི་རན་བུད་མེད་རྣམས་རྐང་སྤོལ་འགྲན་སྡུར་ལ་ལྟད་མོ་དངོས་སུ་བལྟ་རུ་མ་བཅུག་ཚེ། རྒྱལ་སྤྱིའི་རྐང་སྤོལ་འགྲན་སྡུར་ནས་ཨི་རན་རུ་ཁག་ཕྱིར་འབུད་གཏོང་རྒྱུའི་གནོན་ཤུགས་དང་དེ་བཞིན་ཨི་རན་ནང་རྐང་སྤོལ་ལ་དགའ་མོས་བྱེད་མཁན་ཚོས་གནོན་ཤུགས་ལ་བརྟེན་ནས། ཟླ་༡༠ པའི་ཚེས་༡༠ ཉིན་ཨི་རན་ནང་ཨི་རན་དང་ཀེམ་བྷོ་ཌི་ཡའི་སྐྱེས་པའི་རུ་ཁག་གཉིས་བར། ཕྱི་ལོ་༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནང་ཚུད་ཆེད་ཀྱི་རྩེད་འགྲན་བྱས་སྐབས་སུ། ཨི་རན་གཞུང་གིས་རྐུབ་སྟེགས་༨༠,༠༠༠ ཡོད་པའི་རྩེད་རྭའི་ནང་། བུད་མེད་ཀྱི་ཆེད་དུ་རྩེད་འགྲན་གྱི་ལག་འཛིན་༤༠༠༠ ཟུར་བཅད་བྱས་འདུག་པ་དང་། ལག་འཛིན་ཉོ་མཁན་བུད་མེད་༣༥༠༠ དང་བུ་༦༠༠༠ བྱུང་ཡོད་འདུག རྩེད་འགྲན་སྐབས་སུ་བུད་མེད་རྣམས་སྐྱེས་པ་ནས་སྡོད་ས་ལོག་སུ་བཀོད་སྒྲིག་བྱས་འདུག་ཀྱང་། བུད་མེད་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་རུ་ཁག་ལ་རྒྱབ་སྐྱོར་གྱི་འབོད་སྒྲ་དང་རྒྱལ་དར། གྱོན་ཆས་རིགས་སྣ་མང་གྱོན་ནས་སླེབས་ནས་རྒྱབ་སྐྱོར་དང་རྐང་སྤོལ་ལ་དགའ་མོས་ཀྱི་རྣམ་པ་ཤུགས་ཆེན་བསྟན་འདུག ཨི་རན་རུ་ཁག་གིས་ཀེམ་བྷོ་ཌི་ཡ་རུ་ཁག་ལ་སྤོ་ལོ་༡༤ བླུགས་ནས་རྒྱལ་ཁ་ཐོབ་འདུག་ཀྱང་། ལོ་རྒྱུས་ནང་རྩེད་འགྲན་གྱི་གྲུབ་འབྲས་ལས་བུད་མེད་ཀྱི་མཉམ་ཞུགས་དེ་གལ་ཆེ་བ་ཆགས་ཡོད་འདུག

ལྟད་མོ་བ་བུད་མེད་ཁག་ཅིག་གིས་རྒྱུན་དུ་ནས་བརྙན་འཕྲིན་ནང་ནས་རྐང་སྤོལ་བལྟ་བ་དང་། དངོས་སུ་རྩེད་རྭར་ལྟད་མོ་བལྟ་བ་གཉིས་ཀྱི་ཚོར་སྣང་ཁྱད་པར་ཆེན་པོ་འདུག་པས། སེམས་པ་སྐྱིད་པོ་ཞེ་དྲག་བྱུང་སྐོར་བརྗོད་འདུག ད་ལྟའི་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས། ཨི་རན་གཞུང་གིས་བུད་མེད་ལྟད་མོ་བའི་ཁ་གྲངས་ཚད་བཀག་མེད་པ་དང་། རྒྱལ་སྤྱིའི་རྩེད་འགྲན་ཙམ་མིན་པར་རྒྱལ་ནང་གི་རྩེད་འགྲན་ལ་ཡང་བུད་མེད་རྣམས་ལྟད་མོ་བལྟ་ཆོག་པ་བཟོ་བའི་དགོས་འདུན་བཏོན་འདུག

འཛམ་གླིང་ནང་བུད་མེད་རྩེད་རྭའི་ནང་འཛུལ་མི་བཅུག་མཁན་རྒྱལ་ཁབ་མཐའ་མ་དེ་ཨི་རན་ཆགས་འདུག སོ་ཌི་ཨ་རབ་ཀྱིས་ཉེ་ཆར་བུད་མེད་རྣམས་རྩེད་རྭར་ལྟད་མོ་བལྟ་ཆོག་པ་བཟོས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༧༩ ཀློག་གྲངས།