གོ་བ་འདི་ལྟར་བླང་ན་འགྲིག་གམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༢   ཕྱི་ལོ་ ༢༠༡༩/༡༠ /༩

ཉེ་ཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་འོག དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་འཚོགས་ནས། ཚོགས་ཆེན་གྱི་གྲུབ་དོན་གྲོས་ཆོད་དོན་ཚན་བཞི་ཡོད་པ་ཞིག་བཞག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང་། གནས་ཚུལ་དེ་ལ་བརྟེན་ནས་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་དང་། མ་འོངས་པར་ཡང་སྲིད་འཁྲུལ་བྲལ་ངེས་ཕེབས་ཡོང་བ། ཇི་སྲིད་བོད་ཀྱི་འགྲོ་བ་ནམ་གནས་ཀྱི་བར་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྒྱལ་དབང་སྐུ་ཕྲེང་རྣམས་རིམ་བཞིན་ངེས་ཕེབས་ཡོང་བའི་གསོལ་འདེབས་དང་། ཡང་སྲིད་ངོས་འཛིན་སྐུ་བདག་གནང་བའི་འགན་དབང་སུ་ལ་ཡོད་མེད། རྒྱ་དམར་གཞུང་གིས་ཕྱི་ལོ་༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པ་ཟེར་བ་བརྒྱུད། ༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་སོགས་ཀྱི་སྐོར་སྤྱི་མོས་གྲོས་ཆོད་ཅིག་བཞག་ཡོད་པ་རེད།

དམིགས་བསལ་ཚོགས་ཆེན་གྲུབ་ནས་ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས་བཅར་བ་ཡོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ལ་༧གོང་ས་མཆོག་གིས་བླང་དོར་བཀའ་སློབ་ཅིག་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་གནས་སྐོར་ཙམ་གྱི་ཆེད་བོད་དང་རྒྱ་ནག་ཏུ་ཕེབས་ཐུབ་ན་ཕེབས་འཆར་ཡོད་པ་ལས། ད་ལྟའི་ཆར་རྒྱ་ནག་གཞུང་གི་མངའ་ཁོངས་སུ་རང་དབང་མེད་པས། ཁོང་གི་ཐུགས་རེ་བཞིན་མཛད་འཆར་ཁག་ལེགས་པར་བསྒྲུབ་མི་ཐུབ་པས་གཏན་འཇགས་ཕྱིར་ཕེབས་མཛད་རྒྱུའི་འདོད་པ་མེད་ཅེས་བཀའ་གསལ་ཕེབས་ཡོད། གནད་དོན་འདིའི་ཐོག་ནས་བོད་ཀྱི་ལས་སྣེ་བ་རྣམས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་༧གོང་ས་མཆོག་གི་བཀའ་སློབ་འདི་ལ་གོ་བ་ལེན་ཕྱོགས་དང་། ངོས་འཛིན་བྱེད་སྟངས་ག་འདྲ་ཞིག་ཡིན་མིན་ཁ་གསལ་དགོས་པ་ཞིག་ཏུ་གྱུར་ཡོད། བཀའ་སློབ་འདི་ནི་ད་ལྟའི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་སོགས་ཕྱོགས་གང་ཐད་ནས་གོ་བ་གཏིང་ཟབ་ཡོད་པའི་བཀའ་སློབ་ཅིག་ཏུ་ངོས་འཛིན་བྱེད་དགོས།

ཕྱི་ཚེས་༧ ཉིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་བ་དང་། སྐབས་དེར་“གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མེད་པ་ཆགས་པའམ། ཡང་ན་གཞི་རིམ་གྱི་འགྱུར་བ་ཕྱིན་པ་ཡིན་ན། ད་ལྟའི་རྩ་ཁྲིམས་ནང་ཡོད་པའི་གྲངས་ཉུང་མི་རིགས་༥༥ ཡི་ཐོབ་ཐང་ད་ལྟ་ཡོད་པ་དེ་ཆ་ཚང་མེད་པ་ཆགས་པ་ཡིན་ན། ང་ཚོའི་ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་དེའང་ནུས་པ་མེད་པ་ཆགས་པ་རེད་”ཅེས་སོགས་གསུངས་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་བསམ་བློ་བཏང་ན། ལོ་ཁ་ཤས་སྔོན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་མི་རིགས་ལས་དོན་སྐོར་གྱི་འགོ་ཁྲིད། དེ་སྔོན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ། ༧གོང་ས་མཆོག་གི་སྐུ་ཚབ་གཉིས་དང་རྒྱུན་རིང་ཐུག་འཕྲད་གནང་ཡུལ། ཀྲུའུ་ཝེ་ཆོན་གྱིས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་སོགས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་ལུགས་ཁག་ཕྱིར་བསྡུ་དགོས་པའི་རྩོམ་ཡིག་ཅིག་སྤེལ་བ་ལ་བརྟེན་ནས་གསུང་གི་ཡོད་པ་འདྲ།

༧གོང་ས་མཆོག་གིས་རྒྱ་ནག་ཏུ་རང་དབང་མ་བྱུང་བར་གཏན་འཇགས་ཕྱིར་ཕེབས་མཛད་རྒྱུ་མིན་པའི་གསུང་བབས་དང་། ཟམ་གདོང་རིན་པོ་ཆེས་རྒྱ་ནག་གི་རྩ་ཁྲིམས་འགྱུར་བ་སོང་ན་མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆའང་ནུས་མེད་ཡིན་པའི་དོགས་སློང་གནང་བ་བཅས་ནི། རྒྱུ་མེད་རྐྱེན་མེད་ཀྱི་གསུང་ཞིག་ཏུ་ངོས་འཛིན་བྱེད་མི་འོས་པ་དང་། གནད་དོན་འདི་དག་ནི་དོན་དངོས་དང་ཉེ་བའི་གསུང་བཤད་གལ་ཆེ་འབའ་ཞིག་ཡིན་པ་དང་། མ་འོངས་པར་བོད་མི་རིགས་ཀྱི་གནས་བབས་དང་། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་གལ་གནད་ཅན་དུ་ངོས་འཛིན་བྱེད་དགོས་པ་ཞིག་རེད་སྙམ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བོད་ཀྱི་ལོ་རྒྱུས་གནས་བབས་དང་། ༧གོང་ས་མཆོག་གི་དགོངས་གཞི་གལ་ཆེ་ཁག་གི་སྐོར། བོད་རྒྱ་འབྲེལ་ལམ་གྱི་ཆེད་སྐུ་ཚབ་མ་བསྐོས་པའི་རྒྱུ་མཚན་སོགས་ཁ་གསལ་གྱི་ཐོག་ནས་གསུངས་ཡོད་པ་མ་ཟད། བོད་རྒྱ་འབྲེལ་ལམ་གྱི་ཆེད་༧གོང་ས་མཆོག་གིས་ཐུགས་འགན་གཙོ་བོ་བཞེས་བཞིན་པའི་སྐོར་ཡང་གསུངས་ཡོད་པ་རེད།

མདོར་ན་སྐབས་དེར་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་གལ་གནད་དང་འབྲེལ་བའི་སྐོར་ཚིག་གཅིག་གསུངས་མེད་པ་དང་། དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་ཡང་གཏན་ནས་གསུངས་མ་སོང་བས། ད་ལྟའི་གནས་སྟངས་དེའི་ཐོག་ནས་བལྟས་ན་གནས་སྐབས་བོད་རྒྱ་འབྲེལ་བའི་གནས་སྟངས་ལ་གྲུབ་འབྲས་ཆེན་པོ་ཞིག་ཡོང་རེ་མེད་པ་ལྟ་བུ་ཞིག་ཏུ་གོ་བ་ལེན་དགོས་པ་དང་། བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་བོད་མི་སྤྱི་ཡོངས་ནས་འགན་ཆེན་པོ་བཞེས་དགོས་པའི་དུས་ཚོད་ཅིག་ཏུ་གྱུར་ཡོད་པར་མཐོང་། འོན་ཀྱང་མི་སོ་སོ་བལྟ་སྟངས་མི་འདྲ་བས་མཐོང་སྟངས་ཀྱང་མི་འདྲ་བ་ཡོད་ངེས་པས། མཐའ་གཅིག་ཏུ་དེ་ལྟ་བུ་རེད་ཅེས་ཁ་ཚོན་གཅོད་དཀའ་ནའང་། ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས། ལྷག་པར་དུ་རྒྱལ་སྤྱིའི་ཐོག་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། རྒྱ་ནག་གི་ངོས་ནས་ཀྱང་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་གཏན་ནས་སོང་མེད་པས་བོད་ཕྱི་ནང་གཉིས་ནས་དེ་ལུགས་ཀྱིས་བསམ་བློ་བསྐྱར་དུ་གཏོང་དགོས་པའི་དུས་ལ་བབ་ཡོད་སྙམ།།

Share this:
༤༣༥ ཀློག་གྲངས།