ནགས་ལྷ་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ལོ་བཅུ་འཁོར་བ།

ནགས་ལྷ་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༡༠འཁོར་བའི་རྗེས་དྲན་ཚོགས་འདུའི་ཐོགསྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ནགས་ལྷག་རྩོམ་སྒྲིག་ཁང་གིས་འགན་ཁུར་རྐང་བཞེས་ཀྱིས་བསྒྲུབས་པའི་ལས་ཀ་རྣམས་ཆོས་རིག་ལས་ཁུངས་དང་།ཤེས་རིག་ལས་ཁུངས་ཀྱི་ལས་དོན་གྱིཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུགྱུར་ཡོད་སྐོར་གསུངས་སོང་།

དེ་ཡང་ཕྱི་ཟླ་༡༠ཚེས་༡༢ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ནགས་ལྷ་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༡༠འཁོར་བའི་རྗེས་དྲན་དང་།རྗེས་དྲན་དེ་དང་འབྲེལ་བའི་ཆེད་དེབ་<<གངས་ཅན་རིག་པའི་གཏེར་མཛོད>>ཅེས་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པའི་ཐོགསྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་།བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར།སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འཇུ་བསྟན་སྐྱོང་བཅས་དང་།དེ་བཞིན་ནགས་ལྷ་རྩོམ་སྒྲིག་འགན་ཁུར་བ་རྣམ་པ་དང་།སེར་སྐྱ་མི་མང་༤༠ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོ་དེའི་ཐོག་ཏུ་དམིགས་བསལ་སྐུ་མགྲོན་ན་ག་སངས་རྒྱས་བསྟན་དར་གྱིས་<<སྐད་ཡིག་གི་གནས་བབ>>ཅེས་པའི་བརྗོད་བྱའི་ཐོག་གསུང་བཤད་གནང་བའི་ནང་།འདས་པའི་ལོ་བཅུའི་ནང་ནགས་རྩོམ་སྒྲིག་ཁང་ནས་རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་བྱས་པ་དེ་བསྔགས་པའི་གནས་སུ་འོས་པ་དང་།དེ་ནང་བཞིན་བོད་པའི་སྤྱི་ཚོགས་ནང་ཚོགས་སྡེ་མང་པོ་ཡོད་པ་ཚང་མས་མིག་དཔེ་བལྟས་ནས་དེ་ལྟར་བྱེད་ཐུབ་པ་ཡིན་ན།བོད་པའི་སྤྱི་ཚོགས་དེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་གྲུབ་འབྲས་ཆེན་པོ་ཐོན་ངེས་སྐོར་གསུངས་སོང་བ་དང་།དེ་བཞིན་དམིགས་བསལ་སྐུ་མགྲོན་འཇུ་བསྟན་སྐྱོང་གིས་ཀྱང་<<སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་མིན>>ཞེས་པའི་བརྗོད་བྱའི་ཐོག་གསུང་བཤད་གནང་བའི་ནང་།སྐད་ཡིག་སློབ་སྦྱོང་བྱེད་པར་ཞེན་ཁོག་ཁོ་ནས་མི་འགྲིག་པར་སྐད་ཡིག་དེ་དང་དེའི་ནང་ཡོད་པའི་རིག་གཞུང་གི་རིན་ཐང་ཤེས་པ་བྱེད་གལ་ཆེ་བ་སོགས་གསུངས་སོང་། 

དམིགས་བསལ་སྐུ་མགྲོན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་མཛད་སྒོའི་ཐོག་ཏུ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་དོན།དེ་རིང་[ནགས་ལྷ་རྩོམ་སྒྲིག་ཁང་]ལོ་བཅུ་འཁོར་བའི་རྗེས་དྲན་གནང་གི་ཡོད་པ་དེར་དམིགས་བསལ་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།ལྷག་པར་དུ་ད་གིན་ད་ལྟ་བར་དུ་འབད་བརྩོན་ག་རེ་གནང་བ་དང་།དེའི་ཐོག་ལ་མཁས་དབང་རྣམ་པ་གཉིས་ཀྱིས་གསུངས་པ་དང་།དེ་ཚོ་མང་པོ་ཞིག་ཕྱོགས་བསྡོམས་བྱས་ཡོང་དུས།ཐོག་མར་རྩོམ་སྒྲིག་ཁང་དེ་ཁྱེད་རང་ཚོས་དགོངས་པ་མང་པོ་ཞིག་བཞེས་ནས་འགོ་བཙུགས་པ་དེའང་སྤྱི་པའི་དོན་དག་རྐྱང་རྐྱང་ཞིག་རེད།དེའི་ནང་ནས་སྐད་ཡིག་གི་རྩ་དོན་དང་།རིག་གཞུང་གི་རྩ་དོན།རིག་གཞུང་ནང་ནས་ཀྱང་ནང་དོན་རིག་པས་གཙོས་པའི་མང་པོ་ཞིག་ཕར་མང་ཚོགས་ལ་ངོ་སྤྲོད་བྱེད་པ་དང་།དེ་འདྲའི་དགོངས་པ་ཆེན་པོ་བཞེས་ནས་རྩོམ་སྒྲིག་ཁང་འདི་བཙུགས་པ་དེ་དམིགས་ཡུལ་དང་དཔེར་མི་སྲིད་པའི་ཡག་པོ་བྱས་འདུགལྷག་པར་དུ་བཀའ་དྲིན་རྗེས་དངོས་གནས་ཞུ་ཆོག་པ་ཞིག་ཆགས་འདུགད་ལྟ་བར་དུ་གནང་བཞག་པ་དེ་ཚོ་ཡིན་ནའང་ཕལ་ཆེར་དཔེར་མི་སྲིད་པར་ག་བ་ཡིན་སར་ཕན་ཐོགས་བྱུང་ཡོད་རེད་བསམ་གྱི་འདུག

ཕན་ཐོགས་གཅིག་དེ་བརྒྱུད་ལམ་སྣ་ཚོགས་ནས་དེ་གནང་གི་ཡོད་ཙང་།སྐད་ཡིག་དར་སྤེལ་གཏོང་བ་དང་དེའི་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད།དེ་བཞིན་རྩོམ་ཡིག་དོན་ཚན་གྱི་ནང་དོན་དེ་དག་བརྒྱུད་ལམ་སྣ་ཚོགས་ནས་སྤེལ་བསྡད་དུས།ཀློག་པ་པོ་དེ་དག་གི་ཐོག་ལའང་གང་ས་ཅི་ཐད་ནས་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་བསྡད་ཡོད་རེད།ཡང་རྩོམ་སྒྲིག་པ་གནང་མཁན་དེ་ཚོ་ཡིན་ནའང་གཅིག་རྩོམ་གཉིས་རྩོམ།ཉམས་ཞིབ་བྱས།དེ་འདྲ་མང་པོ་བྱས་ཡོང་དུས་ཡར་རྒྱས་གོང་འཕེལ་ཕྱིན་ནས་རྩོམ་སྒྲིག་གི་རྩལ་འདྲ་བོ་དེ་ཚོ་ཡར་རྒྱས་གོང་འཕེལ་ཕྱིན་ཡོད་རེད།བྱས་ཙང་ཕན་ཐོགས་དཔེ་མི་སྲིད་པ་ཆགས་བསྡད་ཡོད་རེད།དེ་ལ་ང་རང་ཚོས་དགའ་བ་སྒོམ་པ་དང་།རྗེས་སུ་ཡི་རང་བྱེད་པ་དང་།གཞན་དག་ཚོའི་ངོས་ནས་དངོས་གནས་བཀའ་དྲིན་རྗེས་དྲན་བྱེད་རྒྱུ་ཞིག་ཆགས་བསྡད་བཞགདེ་འདྲ་ཡིན་དུས།སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཟེར་ནས་ཞུ་རྒྱུ་ཡིན།

གཞན་ཡང་ཁོང་གིས་ནགས་ལྷ་རྩོམ་སྒྲིག་ཁང་ལ་ཐུགས་རྗེས་ཆེ་ཞུ་བའི་རྒྱུ་མཚན་གཉིས་པ་ཞིག་ཀྱང་ཡོད་པ་དང་།དེ་ནི་རྩོམ་སྒྲིག་ཁང་དེས་བྱས་པའི་ལས་ཀ་དེ་སྤྱི་པའི་ལས་འགན་ཐོག་ནས་བཤད་ན།ཆོས་རིག་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཀྱིས་ཐུབ་མིན་ལ་མ་བལྟོས་པར་བྱེད་དགོས་པ་ཞིག་ཡིན་སྟབས།དེའི་ཐོག་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་འགྲོ་བ་ཡིན་པས་བསྔགས་བརྗོད་གནང་བ་མ་ཟད།དེང་སྐབས་མཐོ་དམན་སྐྱེ་བོ་མང་པོ་ཞིག་གིས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགན་དེ་ངེས་པར་དུ་ལས་ཁུངས་ཤིག་གིས་བྱེད་དགོས་པའི་བཟོ་སྟོན་གྱི་ཡོད་སྟབས།ནགས་ལྷ་རྩོམ་སྒྲིག་གིས་འགན་ཁུར་ནས་དེ་ལྟར་གནང་ཡོང་དུས།དངོས་གནས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ལབ་དགོས་པ་དང་།དགའ་བ་སྒོམ་དགོས་པ་ཆགས་ཡོད་པ།ལྷག་པར་དུ་སྐད་ཡིག་སྲུང་སྐྱོབ་དང་རིག་གཞུང་སྲུང་སྐྱོབ་ཟེར་བ་དེ་བོད་མི་ཚང་མས་མི་རེ་ངོ་རེའི་ཐོག་ནས་ཚོར་སྣང་དང་འགན་ཞིག་མ་ཁུར་བ་ཡིན་ན་ཡོངས་ཐབས་བྲལ་བ་ཞིག་ཡིན་ཚུལ་གསུངས་སོང་།

སྤྱིའི་ཆ་ནས་བཤད་ན།ནགས་ལྷ་རྩོམ་སྒྲིག་ཁང་ཞེས་པ་དེ་ནི་སྐུ་གཤེགས་དམ་པ་དགེ་བཤེས་སྐལ་བཟང་རྒྱལ་མཚན་དང་།དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ།བློ་བཟང་ལྷུན་གྲུབ།དགེ་བཤེས་འབྲི་རུ་སྐལ་བཟང་རྒྱལ་མཚན་བཅས་ཀྱིས་རང་རིགས་ཀྱི་སྐད་དང་རིག་གཞུང་ཉམས་པ་སླར་གསོ་དང་།མ་ཉམས་གོང་འཕེལ་གཏོང་རྒྱུ་དེ་ལུང་ཚན་རེ་རེ་དང་།ཚོགས་པ་རེ་རེ།དེ་བཞིན་མི་སྒེར་རེ་རེའི་ཕྲག་ཏུ་བབ་པའི་ལྡོག་མེད་ཀྱི་འགན་ཁྲི་ཞིག་ཏུ་དགོངས་ནས་༢༠༠༩ལོར་གསར་འཛུགས་གནང་བའི་རྗེས། ནགས་ཤོད་འབྲི་རུ་མི་རེ་ངོ་རེས་ཀྱང་རང་འཁྲིས་ལས་འགན་ཕྲག་ཏུ་ཁུར་ནས་ཤེས་འཇོན་ལྷག་བསམ་ལྡན་པ་ཚོས་རྩོམ་སྒྲིག་གི་འགན་བཞེས་པ་དང་།དཔལ་འབྱོར་ཡོད་མཁན་ཚོས་དཔལ་འབྱོར་གྱི་རོགས་རམ་བྱེད་པ།རྩོམ་པ་པོ་ཚོས་རྩོམ་ཡིག་སྐུར་བ།ཐ་ན་ཟ་མ་བཟོ་ཤེས་མཁན་དག་གིས་ཟ་མ་བཟོ་བ་སོགས་ཕྱར་གྲུ་མཉམ་འདེགས་ཀྱིས་སྤེལ་བའི་བོད་ཀྱི་སྐད་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཡུལ་གྱི་སྡིངས་ཆ་ཞིག་ཡིན་འདུག་ལ།རྩོམ་སྒྲིག་ཁང་དེའི་ངོས་ནས་དུས་དེེབ་དང་ཆེད་དེབ་རྩོམ་སྒྲིག་འདོན་སྤེལ་བྱེད་པ་དང་།བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་ཞུ་བ།ནགས་ལྷ་གནའ་དེང་དྲྭ་མཛོད་དོ་དམ་བྱེད་པ་བཅས་ཀྱི་ལས་གཞི་ཆེན་པོ་གསུམ་གཙོ་སྒྲུབ་བྱེད་པའི་ཁྲོད།ད་བར་ལོ་ངོ་བཅུའི་རིང་དེབ་དེབ་བཅུ་དང་ཆེད་དེབ་གཉིས།བརྡ་སྤྲོད་རིག་པའི་བགྲོ་ཐེངས་དྲགདེ་བཞིན་དྲྭ་རྩོམ་དང་དྲྭ་བརྙན་གྲངས་མེད་ཅིག་འདོན་སྤེལ་བྱས་ཡོད་འདུག

 

གསར་འགོད་པ་དཀོན་མཆོག་རབ་བརྟན

Share this:
༤༩༧ ཀློག་གྲངས།