བསང་ཆུ་རྫོང་ཁོངས་སུ་སློབ་ཆུང་སློབ་མ་ཡར་ལངས།

རྒྱ་ནག་གཞུང་གིས་ཉེ་ཆར་མཚོ་སྔོན་ཕྱོགས་སུ་སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་སློབ་གསོ་འགོ་བཙུགས་རྗེས། ཟླ་འདིའི་ཚེས་༡༩ ཉིན་མདོ་སྨད་རེབ་གོང་དང་དེ་བཞིན་ས་གནས་མང་པོའི་ནང་བོད་ཡིག་སྲུང་སྐྱོབ་དང་མི་རིགས་འདྲ་མཉམ་དགོས་སྐོར་བརྗོད་དེ། སློབ་མ་ཆེས་མང་པོས་རྒྱ་ནག་གི་སྲིད་ཇུས་དེར་ངོ་རྒོལ་བྱས་པ་དང་། བསང་ཆུ་རྫོང་ད་ལྟ་རྒྱ་ནག་གཞུང་གིས་ཀན་སི་ཞིང་ཆེན་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པས། དེར་སློབ་གསོ་བཅོས་བསྒྱུར་གྱི་སྲིད་ཇུས་དེ་ད་དུང་སྤེལ་མེད་ནའང་། ལས་འགུལ་དེ་སྤེལ་ཉེན་ཡོད་པར་དོགས་པ་ཡོད་པ་དང་། མཚོ་སྔོན་ཕྱོགས་ཀྱི་སློབ་མ་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་དུ་བསང་ཆུ་རྫོང་སློབ་ཆུང་སློབ་མ་ཚོ་ཡར་ལངས་བྱས་པ་ཞིག་ཡིན་འདུག
སློབ་མ་ཚོ་ལོ་ན་ཆུང་ཆུང་ཡིན་པ་དང། སློབ་གྲྭ་ནས་ཤང་སྲིད་གཞུང་བར་དུ་གོམ་བགྲོད་བྱས་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཐོབ་ཐང་ཞིག་ཡོད་པ་ལྟར་བོད་ཀྱི་སྐད་ཡིག་བེད་སྤྱོད་དགོས་སྐོར་གྱི་འབོད་ཚིག་བསྒྲགས་ཡོད་འདུག །
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༦ ཉིན་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ་ ༡༠༠ ལྷག་གིས་ཞིང་ཆེན་སློབ་གསོ་ལས་ཁང་གི་སྒོ་ཁར་ཕྱིན་ཏེ་ཁྲོམ་སྐོར་སྐད་འབོད་ཤུགས་ཆེན་བྱས་འདུགསློབ་མ་རྣམས་ཕྱིར་སློབ་གྲྭར་འབྱོར་རྗེས་གཞུང་གི་འབྲེལ་ཡོད་ཚན་པས་སློབ་གྲྭའི་སྒོ་ཆེན་བརྒྱབ་ཏེ་སློབ་མ་རྣམས་ཕྱི་ལོགས་སུ་འགྲོ་མ་བཅུག་པ་དང། ཉེན་རྟོག་པ་མང་པོས་སློབ་གྲྭ་བསྐོར་ཏེ་འགོག་སྲུང་བྱས་ཡོད་འདུག མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་བྱས་ཤིང་། ད་ཆར་དགེ་རྒན་ ༧༦ དང་སློབ་མ་ ༦༢༠ ཙམ་ཡོད་འདུག    ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ ༣༠༠ ལྷག་གིས་ཀྱང་། སློབ་གྲྭ་ནས་རྫོང་སྲིད་གཞུང་གི་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང། སྐབས་དེར་ཁོང་ཅག་གིས་༼སྐད་ཡིག་གཅེས་སྐྱོང་དང་། མི་རིགས་འདྲ་མཉམ༽ གང་མགྱོགས་གཞུང་ཕྱོགས་ནས་སློབ་གསོ་བཅོས་བསྒྱུར་དགོས་ཞེས་འབོད་ཚིག་བསྒྲགས་ཡོད་འདུག །{jcomments on}

Share this:
༡༧ ཀློག་གྲངས།