ཁ་མཆུ་ཨང་༢༠ པའི་རྩོད་ལན་པས་ཞུ་སྦྱོར་བར་དགོངས་སེལ་དང་ཁྲིམས་རྩོད་པར་གླ་ཆ་སྤྲོད་དགོས་ཀྱི་ཡོད་པ་རེད།

ཟླ་འདིའི་ཚེས་༡༤ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༢༠ པ་གྱོད་གཞི་མ་ཉེས་ཁག་གཡོགས་ཀྱི་མཐའ་མའི་བཅད་ཁྲ་བཏང་ཡོད་པ་དང་། རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་དགོངས་སེལ་དང་ཁོང་གི་ཁྲིམས་རྩོད་པར་གླ་ཆ་སྤྲོད་དགོས་ཀྱི་ཡོད་པ་རེད། རྩོད་ལན་པའི་གནས་ཚུལ་ཁུངས་སྐྱེལ་ཆེད་དཔང་རྟགས་གསང་ཡིག་ཁག་ཅིག་ཕུལ་བ་ཁྲིམས་ཁང་ནས་ངོས་ལེན་བྱས་མེད་པ་དང་། དཔང་མི་ཤར་གླིང་ཟླ་སྒྲོན་སོགས་ཀྱི་སྐད་ཆ་ངོས་ལེན་བྱས་མི་འདུག

མཐའ་མའི་བཅད་ཁྲ།

བཀའ་ཤག་གི་དོན་གཅོད་འཕོ་འགྱུར་བཏང་བའི་ཐག་གཅོད་གནང་ཕྱོགས་ཀྱི་བརྒྱུད་རིམ་ཁག་སྒྲིག་མཐུན་བྱུང་མེད་པ་ཁྲིམས་དོན་དང་པོའི་སྐབས་སུ་ཐག་གཅོད་བྱས་ཡོད་པ་དང་། ཐག་གཅོད་དེའི་གཞི་རྩ་འཇོག་ཡུལ་བཀའ་ཤག་གི་གསལ་བཤད་དོན་ཚན་༡༠ བཀོད་པ་ནས། ནང་གསེས་དོན་ཚན་ ༡༠ པ་དེ་གནད་དོན་གཏན་འབེབས་ཁོངས་སུ་མེད་པ་དང་། ཞིབ་གཅོད་སྐབས་སུ་རྩོད་བཤད་ཀྱང་བྱས་མེད་པས། འཕྲོས་དོན་ཚན་ ༩ དངོས་དོན་སོ་སོར་གོང་དུ་ཐག་གཅོད་བྱས་ཡོད་པ་ནས། ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལན་པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༡བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་ འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་། bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྱོད་ཆེད་ཆེས་མཐོའི་ཁྲིམས་ ཞི བ་ལ་འབུལ་དགོས། ཞུ་སྦྱོར་བས་ཞིབ་གཅོད་སྐབས་སུ། ཁྲིམས་རྩོད་པའི་གླ་ཡོན་མ་གཏོགས་ཞུ་སྦྱོར་བ་དོ། བདག་རང་ཉིད་ལ་གུན་གསབ་དགོས་ཀྱི་ཡོད་ཅེས་རྩ་བ་ཉིད་ནས་ཞུ་གི་ཡོད་མ་རེད་ཅེས་བརྗོད་པ་ལྟར། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་སྤྱོད་དམིགས་ཧིན་སྒོར་དགུ་ཁྲི་བརྒྱད་སྟོང་(༩༨,༠༠༠།༠༠)ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས། རྩོད་ལན་པ་བཀའ་ཤག་གི་དགོས་འདུན་ནང་། བོད་མིའི་སྤྱི་ཚོགས་ལྷིང་འཇགས་ཡོང་བ་དང་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་དོ་ཕོག་མི་ཡོང་བ་གཙོ་བཟུང་ཞེས་གསལ་བ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་མ་མཐུན་པ་ཤུགས་ཆེར་གྱུར་པའི་རྩོད་རྙོག་འདི་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་ཁག་གི་དགོངས་དོན་ལྟར་ཐག་གཅོད་ཟིན་པར་བརྟེན། བཅད་ཁྲའི་འབྲུ་དོན་གཞིར་ བཟུང་། སོ་སོར་འཁྲི་བབས་ཀྱི་ཉམས་ལེན་ཞུ་སྒོ་འཚེམས་མེད་དགོས་ཤིང་། བོད་བསྟན་སྲིད་མི་རིགས་ཀྱི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས། བོད་རིགས་སྤུན་ཟླ་རྣམས་ཆིག་སྒྲིལ་དམ་གཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པ་ལྷུར་ལེན་དགོས་པ་བཅས་ཀྱི་བཅད་ཁྲར། (ཁ་མཆུའི་བྱུང་རིམ་དང་བཅད་ཁྲ་ཆ་ཚང་འདིར་གཟིགས། ལེ་ཚན་ཇ་པ་ཁྲིམས་ཞིབ་ཁང་གི་ཐག་གཅོད་ནས་ཀློག)

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༦༦༡ ཀློག་གྲངས།