གསར་བསྐོས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུའི་དམ་འབུལ་མཛད་སྒོ། 

དེ་རིང་སྟེ་ཟླ་༡༠ ཚེས་༡༥ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་ཚོགས་ཁང་ལ་གསར་དུ་འདེམས་ཐོན་བསྐོ་བཞག་བྱས་པའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུས་བགྲེས་ཡོལ་ལ་ཕེབས་པའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་ཀྱི་མདུན་ནས་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་འཚོགས་པའི་ཐོག ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས།  སྲིད་ཚབ་ཀྱིས་དབུས་བཀའ་བློན་རྣམ་པ། ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་སོགས་ཕེབས་འདུག  

ཁྲིམས་ཞིབ་པ་ཆེ་བ་གསར་རྙིང་གཉིས་ཀྱིས་༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཎྜེལ་རྟེན་གསུམ་འདེགས་འབུལ་དང་། དམ་འབུལ་མཛད་སྒོ་གྲོལ་རྗེས། ཁྲིམས་ཞིབ་པ་ཆེ་བ་གསར་པ་དྭགས་པོ་བསོད་ནམས་ནོར་བུས་གསར་འགོད་པ་ཚོར་བརྗོད་དོན། “དང་ཐོག་འཚམས་འདྲི་གནང་མཁན་མང་པོ་བྱུང་སོང་། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་ལ་ད་ལྟ་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་གནང་ནས་ད་ལྟ་དམ་འབུལ་ཞུས་པ་རེད། གལ་ཆེ་ཤོས་དེ་ང་ཚོར་མང་གཙོ་ཡང་དག་པ་ཞིག་དགོས་ཀྱི་ཡོད་ན། ང་རང་ཚོའི་བཅའ་ཁྲིམས་དང་སྒྲིག་གཞི་དེ་ཚོ་ང་ཚོས་གོང་དུ་བཀུར་དགོས་རེད་བསམ་གྱི་འདུག དེ་ཡིན་པའི་ཆ་ནས་མང་གཙོའི་ཀ་བ་གསུམ་ལ་སོ་སོ་སོ་ལ་ལས་འགན་རེ་ཡོད་རེད། ལས་འགན་དེ་ཡོད་པའི་ཐོག་ནས་གལ་ཆེ་ཤོས་ནི། མ་འོངས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གོང་དུ་བཀུར་བའི་ཐོག་ནས་ལས་ཀ་བྱེད་པའི་འདོད་པ་ཡོད་ཅེས་ཞུ་རྒྱུ་ཡིན།”

གཞན་ཡང་གསར་འགོད་པ་ཚོས་ཁོང་ལ་ཁ་མཆུ་ཨང་༢༠ ཁ་སང་རང་མཇུག་བསྡུས་ཚར་ཙམ་ཡིན་པ་དང་། ཁ་མཆུ་ཨང་༢༡ དང་༢༢ གཉིས་ད་ལྟ་ནས་དེབ་སྐྱེལ་བྱས་ཟིན་པའི་སྐོར་གོ་ཐོས་བྱུང་བ་དེའི་ཐོག་ལ་དགོངས་ཚུལ་གང་ཡོད་སྐད་ཆ་དྲིས་པར། ཁོང་གིས་ཁོང་“ད་ལྟ་དམ་བཅའ་ཞུས་ཚར་ཙམ་་ཡིན་”སྟབས། དེའི་སྐོར་ལ་ད་ལྟ་བསམ་བློ་གང་ཡང་བཏང་མེད་པའི་སྐོར་གསུངས་སོང་།

དྭགས་པོ་བསོད་ནམས་ནོར་བུ་ནི་ཟླ་སྔོན་མར་འཚོགས་པའི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་༨ ཐོག་འོས་གྲངས་༣༠ ཐོབ་ནས་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་བ་ཞིག་ཡིན། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༥༠༦ ཀློག་གྲངས།