གཏན་དུ་བྲལ་ཟིན་པའི་གྲོགས་པོ་ཞིག་ཕྱིར་དྲན་བྱས་པ།  

ཁུ་ནུ་བསྟན་འཛིན་ཡོན་ལྡན། 

མི་ལོ་བཅོ་བརྒྱད་ཙམ་གྱི་ཡར་སྔོན་ཏེ། ང་རང་ཁུ་ནུ་སྟོད་པ་སྐྱ་མཁར་གྲོང་ཚོའི་སློབ་ཆུང་འགྲིམས་པའི་སྐབས་ཤིག་ཕྱི་ནས་གསར་དུ་འོངས་བའི་སློབ་ཕྲུག་སཱ་བྷ་ (Saba) ངོ་ཤེས་སུ་གྱུར། ཁོ་ནི་ང་ལས་སློབ་རིམ་གསུམ་གྱིས་ཆུང་ཡང་། ང་གཉིས་ངོ་ཤེས་ནས་རིང་པོ་མི་འགོར་བར་མཉམ་ཟ་མཉམ་འགྲོགས་བྱེད་པའི་གྲོགས་པོར་གྱུར། གྲོགས་པོ་སཱ་བྷ་ནི། ཨུ་ཏར་ཁནྜ་ (Uttrakhand) མངའ་སྡེ་ནས་ཡིན་ལ། ཁོང་གི་ནང་མི་ང་ཚོའི་ལུང་པར་གཞིས་སྤོས་བྱས་པ་རེད། ཁོའི་པ་ལགས་ནི་ཆུང་དུས་ནས་གྲོངས་ཟིན་པས་ཁོ་དང་ཁོའི་ནུ་མོ་གཉིས་ཨ་མས་སྐྱེད་སྲིང་བྱས་ལ་ཁྱིམ་གྱི་འཚོ་བ་ནི་ཞན་ཙམ་ཡོད། སྨྲ་བ་ཉུང་བའི་གྲོགས་པོ་སཱ་བྷ་ནི་གཟུགས་པོ་སྐམ་ལ་ངོ་དབྱིབས་ཆུང་ཡང་། གཟུགས་ཚད་སྙོམས་ལ་ཤ་མདངས་དཀར་པོ་ཡིན་པས་སྣང་བ་འགྲོ་པོ་ཞིག་ཡོད། ཁོ་ནི་སློབ་སྦྱོང་ལ་སྤྲོ་བ་དང་འབད་བརྩོན་ཆེན་པོ་ཡོད་མཁན་ཞིག་མིན་ཡང་། རྩེད་ཐང་སྒང་ལ་དབྱུག་རྩེད་རྩེ་སྐབས་རྟ་རྒྱུགས་པ་ལྟ་བུ་ཡིན། 

ང་རང་སློབ་ཆུང་ཐོན་རྗེས། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སློབ་གཉེར་ལ་ཕྱིན་པས་ལོ་ངོ་མང་པོ་ཞིག་གི་རིང་ངེད་གཉིས་འབྲེལ་བ་མ་བྱུང་། ལོ་བཅུའི་རྗེས་སུ་ང་རང་ཁྱིམ་དུ་གུང་གསེང་ཕྱིན་སྐབས། ངས་ཁོའི་ངོ་ཐག་མ་ཆོད་པའི་སྔོན་དུ་ཁོས་ང་རང་ངོ་ཤེས་བྱུང་། ཁོ་ནི་སྔོན་གྱི་སཱ་བྷ་ཆུང་ཆུང་དེ་མིན་པར་གཟུགས་པོ་རིང་ལ་ཁ་ངོ་ཆེ་བའི་མི་དར་མ་ཞིག་ཏུ་གྱུར་འདུག་པ་མ་ཚད། ད་དུང་། ཁོ་ནི་ཆང་ས་བརྒྱབ་ཟིན་ནས་ཕྲུ་གུ་གཅིག་ཀྱང་འཁྱེར་རྒྱུ་འདུག དེ་དུས་ཁོང་མ་བུ་གཉིས་ས་མཚམས་ལམ་བཟོའི་ཚོགས་པའི་ (Border Road Organization) འོག་ཏུ་ལམ་བཟོ་བ་བྱས་ནས་འཚོ་བ་བསྐྱལ་ཞིང་ཁྱིམ་གྱི་འཁོས་བབ་སྔར་ལས་བཟང་དུ་ཕྱིན་འདུག སཱ་བྷ་ནི་རྒྱུན་དུ་མི་གཞན་ལ་རོགས་པ་བྱེད་རྒྱུར་འཛེམས་ཟོན་བྱེད་མཁན་ཞིག་མིན་པས་སྐྱ་མཁར་ཡུལ་མི་ཚོས་ཁོང་ལ་དགའ་པོ་བྱེད་ཀྱི་འདུག མིའི་མི་ཚེ་ནི་དགའ་སྐྱོ་འདྲེས་མ་དང་། མིའི་གཤིས་ཀ་ལའང་བཟང་ངན་ཡོད་པ་བཞིན་གྲོགས་པོ་སཱ་བྷར་ཆང་རག་འཐུང་བའི་གོམས་གཤིས་ངན་པ་ཞིག་འཇགས་ཟིན་འདུག ཆུང་འདྲིས་གྲོགས་པོ་ཞིག་ཡིན་པའི་ངོས་ནས་བློ་དཀར་སེམས་དཀར་གྱིས་སློབ་གསོ་ཐེངས་མང་བརྒྱབ་པས་ཁོས་ཆང་རག་མི་འཐུང་བའི་ཁས་ལེན་བྱས་བྱུང་། ང་རང་ཡུལ་ནས་ཐོན་ནས་འབྲས་ལྗོངས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱེད་བཞིན་པའི་སྐབས། ངའི་གྲོགས་པོ་སཱ་བྷ་ཕྱི་ལོ་༢༠༡༩ ཕྱི་ཟླ་༩ ཚེས་༡༦ དགོང་མོར་སྣུམ་འཁོར་གཡང་ལ་ལྷུངས་ཏེ་ཕྱི་མའི་ལྔ་ལམ་དུ་གྱུར་འདུག ཕོ་ལོ་ཉི་ཤུ་རྩ་གྲངས་ལས་སོན་མེད་པའི་ངའི་གྲོགས་པོ་ང་དང་གཏན་དུ་བྲལ་བའི་གཏམ་ངན་འདིས་ང་རང་སེམས་སྡུག་གིས་མནར་བྱུང་། ཡ་ང་སྙིང་རྗེ་མེད་པའི་གཤིན་རྗེར་ཁ་མཆུ་འཛུགས་ཐབས་ནི་མེད་པས། འདས་གྲོངས་སུ་གྱུར་པའི་ངའི་གྲོགས་པོ་དམ་པ་ཁོང་གི་བྱས་བསགས་སྡིག་ལྟུང་ཐམས་ཅད་བྱང་ནས་རྟེན་བཟང་མི་ལུས་རིན་ཆེན་མྱུར་དུ་ཐོབ་པའི་སྨོན་འདུན་ཤུགས་དྲག་དང་། ཤུལ་དུ་ལུས་པའི་ཁོང་གི་ཨ་མ་དང་། ནུ་མོ། བཟའ་ཟླ་བུ་ཕྲུག་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུའོ༎

 

Share this:
༤༢༠ ཀློག་གྲངས།