ལྔ་དང་ལྔ་བཅུ་ལས་འཕྲོས་པའི་བསམ་ཚུལ་གླེང་བ།

ལྔ་དང་ལྔ་བཅུ་ལས་འཕྲོས་པའི་བསམ་ཚུལ་གླེང་བ།

སྙིང་རྗེའི་རང་གཟུཌ་འཕཌ་མཆོག་སྤྱན་རས་གཟིཌ།།

འགྲོ་ལ་ཉེ་རིང་མེད་པར་བརྩེ་བས་གཟིགས།།

སྐད་ཅིག་ལྷོད་མེད་གཞན་དོན་མཛད་པར་སྐྱོང་།།

ས་གསུམ་བླ་མ་མཆོག་ལ་གུས་ཕྱག་འཚལ།།

ཞེས་མཆོད་བརྗོད་ཀྱི་སྔོན་བསུས་ཏེ། དེ་ཡང་༸རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར། ཞེས་པའི་བརྗོད་གཞི་ནི་ཧ་ཅང་གི་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་དུས་ཚིག་ཁ་ཤིས་ཀྱི་ནང་དུ་ག་ལ་ཞུ་ཐུབ། འོན་ཀྱང་ས་བཅད་མ་སྟོང་ཙམ་དུ་ལོ་རྒྱུས་ཁག་གཞི་རྩར་བཟུང་ནས་འབྲི་བར་བྱའོ། དེ་ཡང་བཀའ་ཆེམས་ཀ་ཁོམ་མ་ལས། “དེའི་ཚེ་སྲིན་ཡུལ་ལང་ཀ་པུ་རི་ན། སྲིན་པོ་ལང་ཀ་མགྲིན་བཅུ་དང་། ལྷའི་རྒྱལ་པོ་ར་མ་ཎ་གཉིས་ལྷ་མོ་གཟི་ལྡན་མ་ལ་མ་འཆམས་ནས་འཐབ་པའི་སྤྲེའུ་གྱད་ཧ་ལུ་མ་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སློབ་མ་དེ་རི་པོ་ཏ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པ་དང་། སྤྲེའུ་དེ་ལ་སྤྱན་རས་གཟིགས་ཀྱིས་གསུངས་པ། སྤྲེའུ་ཁྱོད་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་ནུས་སམ་གསུངས་པས། སྤྲེའུ་དེ་ན་རེ་ངས་བོད་ཡུལ་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་ནུས་ལགས་ཞུས་པས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲེའུ་དེ་ལ་མི་སྡུག་པའི་སྒོམ་བསླབས། དགེ་བསྙེན་གྱི་སྡོམ་པ་ཕོག ཟབ་པ་དང་རྒྱ་ཆེ་བའི་ཆོས་བསླབས་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གཏགས་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་ངོ་།” ཞེས་དང་།

དེ་བཞིན་བོད་ཀྱི་སྲིད་དོན་རྒྱལ་རབས་ལས། “ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་འདུལ་བྱ་ཡོད། །”ཅེས་དང་། ཡང་”སྔོན་གྱི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་ཀྱིས། མཐའ་འཁོབ་འདུལ་དཀའི་སེམས་ཅན་དེ་དག་ཀུན། །བདག་གིས་ཐར་བའི་ལམ་དུ་འདུལ་གྱུར་ཅིག” །ཅེས་དང་། ཡང་”རྒྱལ་བ་འོད་དཔག་མེད་ཀྱི་ཕྱག་གིས་བྱུགས་བྱུགས་མཛད་ནས། དུས་གསུམ་རྒྱལ་བའི་འདུལ་བྱར་མ་གྱུར་པ། །མཐའ་འཁོབ་ཁ་བ་ཅན་གྱི་སེམས་ཅན་རྣམས། །སྨོན་ལམ་མཐུ་ཡིས་ཁྱོད་ཀྱི་འདུལ་བྱར་འགྱུར། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །”ཞེས་གསུངས་པ་ལྟར་ཁ་བ་གངས་ཅན་གྱི་ལྗོངས་སུ་མིའི་འགྲོ་བ་གནས་པའི་ཡུལ་དུ་གྱུར་བ་ན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་པ་དང་། མ་བྲག་སྲིན་མོ་གཉིས་འདུས་པ་ལས་བོད་ཀྱི་མིའི་འགྲོ་བ་ཐོག་མར་བྱུང་ཚུལ་ལོ་རྒྱུས་ཡོངས་གྲགས་ལྟར་དང་། དེ་རྗེས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ད་ལྟའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་སོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་། བོད་གངས་ལྗོངས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཞེས་ངོས་འཛིན་དང་ཡིད་ཆེས་རྩེ་གཅིག་ཏུ་བྱེད་ཀྱི་ཡོད།

རྒྱལ་བ་དགེ་འདུན་གྲུབ་པ་ནས་བཟུང་སྟེ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བར་བོད་མི་རིགས་དང་ཡང་སྒོས་སུ་སངས་རྒྱས་བསྟན་པའི་དོན་དུ་ཉིན་མཚན་དུས་དྲུག་ལ་སྐུ་ངལ་འཛད་མེད་སྐྱོན་ནས་མཛད་པ་བསྐྱངས་གནང་ཡོད། དེ་ཡང་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་མདོ་སྔགས་ལུགས་ཁག་ལ་ཐོས་བསམ་བསྒོམ་གསུམ་ཡང་དག་པ་མཛད་པ་དང་བསྟུན་མདོ་དབུས་ཁམས་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་གཞུང་ལུགས་འཆད་ཉན་དར་སྤེལ་དང་། དགོན་སྡེ་གསར་བཞེངས། སྐུ་གསུང་ཐུགས་རྟེན་ཞིག་གསོ་དང་གསར་སྐྲུན་ལ་སོགས་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ཐོག་ལ་མཛད་པ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་བླ་མེད་བསྐྱངས་གནང་མཛད་ཡོད་པ་རྣམས་བརྗོད་སྤོབས་ག་ལ་ནུས།   རྗེ་དགེ་འདུན་གྲུབ་དགུང་ལོ་ཞེ་གཉིས་ཕེབས་སྐབས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ་སྒྲོལ་མ་ཉེར་ཅིག་དང་། བཅུ་བདུན་མ་སོགས་ཟབ་ཆོས་ཞུས་ཤིང་། ཚུར་དྲི་བ་མཛད་པ་ལ་ལན་བདེ་བླག་ཏུ་ཕུལ་བས། ཐུགས་ཤིན་ཏུ་མཉེས་ཏེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གྱིས་བསྟོད་པར་མཛད། དེ་ནས་བཟུང་སྟེ་རྒྱལ་མཆོག་སྐུ་ཕྲེང་ན་རིམ་ལ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཆགས་པ་གྲགས། ཡང་ཨལ་ཐན་དང་མཇལ་ཏེ་༸གོང་ས་སྐུ་ཕྲེང་གསུམ་པ་མཆོག་དབུ་བླར་བཀུར། མི་རིགས་མང་པོའི་དབུས་སུ་༸གོང་ས་མཆོག་ལ་གསེར་དངུལ་ལས་གྲུབ་པའི་དབུ་རྒྱན་དང་བུམ་པ། རིགས་ལྔའི་ཕྱག་མཚན། གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ། རྡོ་རྗེ་འཆང་ཏཱ་ལའི་བླ་མ་རྒྱལ། ཞེས་པ་ཞིག་དང་། ཏཱ་ལའི་བླ་མ་བཛ་དྷ་ར། ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ་ཞེས་དང་། དུས་དེ་ནས་བཟུང་སྟེ་༸གོང་ས་སྐུ་ཕྲེང་ན་རིམ་ལ་”ཏཱ་ལའི་བླ་མ་”སྟེ། རྒྱ་མཚོའི་བླ་མ་ཞེས་པའི་མཚན་ཆགས་པ་རེད་ཅེས་གསལ་དོན་ལྟར། སྐུ་ཕྲེང་ན་རིམ་གྱིས་བོད་བསྟན་སྲིད་ཀྱི་འགྲོ་དོན་རླབས་ཆེན་མཛད་པ་བསྐྱངས་ཡོད་པ་རེད།

ལྷག་དོན་”གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཆོལ་ཁ་གསུམ་གྱི་ཁྱབ་ཁོངས་སུ་ཡོངས་རྫོགས་དབང་དུ་བསྡུས་ཏེ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་ལ། བོད་ཡུལ་ཡོངས་སུ་རྫོགས་པ་དད་འབུལ་ཞུས་པ་དང་།   དེ་ནས་བཟུང་སྟེ་བོད་གཞུང་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆོས་སྲིད་ཟུང་འབྲེལ་གྱི་མངའ་དབང་དབུ་བརྙེས་ནས་ད་ལྟའི་བར་ལོ་ཆབ་སྲིད་ཀྱི་དར་རྒུད་སྣ་ཚོགས་སྣ་ཚོགས་ཤིག་བྱུང་ཡོད་ན་ཡང་རྒྱུན་མ་ཆད་བར་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་”ཆོས་སྲིད་གཉིས་ཀྱི་བཀའ་དྲིན་བླ་མེད་ཀྱིས་བསྐྱངས་དང་སྐྱོང་གནང་མཛད་ཡོད་པ་དེ་དག་ནི་ལོ་རྒྱུས་ཐོག་ནས་ཆེས་གཟི་བརྗིད་དོན་སྙིང་ལྡན་པ་ཞིག་ཀྱང་རེད་སྙམ།

ལྷག་པར་ཤིང་འབྲུག་ལོར་དབྱིན་ཇི་བོད་ལ་བཙན་འཛུལ་སྐབས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་རྒྱ་ནག་ལ་ཕེབས་དགོས་བྱུང་བ་དང་། ཡང་རིམ་གྱིས་བོད་སྡོད་ཨམ་བན་ནས་གཡོ་ཞུས་རྗེས་འབྲངས་ལུའུ་ཅུན་དཔོན་དམག་ལྷ་འབྱོར་བོད་ལྗོངས་ཆབ་སྲིད་ཀྱི་དབང་བྱུས་འཕྲོག་ཉེར་སྐབས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་སྐུ་འཁོར་རྣམས་སྐུ་ངལ་ཚད་མེད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་དགོས་བྱུང་བ་སོགས་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ཡོད།

དེ་ཡང་ཆུ་སྤྲེལ་ཞལ་གདམས་ལས། བསྟན་སྲིད་ཀྱི་བདེ་དོན་ལ་ཉིན་མཚན་སེམས་འཁུར་ལྕི་བས་ནོན་བཞིན་དུ་བསྟན་པ་རྒྱས་ཐབས་དང་། ཆབ་སྲིད་ཕྲ་ཚུགས་ཐབས། ཆབ་འབངས་བདེ་བར་ངལ་འཚོ་ཐབས་ལྷག་བསམ་དྲང་པོས་གཞུང་བསྲང་སྒོ་གསུམ་ཡོད་རྒུ་རྩལ་སྤྲུགས་བགྱིས་རུང་། ཞེས་བོད་མི་རིགས་ཀྱི་བསྟན་སྲིད་དོན་དུ་སྐུ་ལས་ག་ཚོད་སྐྱོན་ཡོད་མེད་གོང་ཚིག་དུམ་དེ་ལས་ང་ཚོས་རོབ་ཙམ་ཤེས་ཐུབ།

ལྷག་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ནས་༸རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་ལ་ལུང་དུ་མ་བརྒལ་ནས་བཙན་བྱོལ་མ་ཡོང་ཐབས་མེད་དུ་གྱུར་ཅིང་། ༸སྐུ་འཁོར་ཧྲག་བསྡུས་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་དང་ཐོག་འབྱོར་དུས་ངོ་ཤེས་པ་ནི་གནམ་དང་ས་ལས་གཞན་གང་ཡང་མེད་ཀྱང་། ༸རྒྱལ་བ་རིན་པོ་ཆེས་གཙོས་བོད་མི་བགྲེས་སོང་རྣམ་པས་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས་ནས་སྐྱོན་གནང་མཛད་པས་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་དབང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཆར་གཞི་གོ་རིམ་ལྡན་པ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ཅིང་། འཛམ་གླིང་གི་མཁྱེན་ལྡན་བློ་གཟུ་བོར་གནས་པའི་སྐྱེ་བོ་ཀུན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡིད་སྨིན་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་གྱི་ཡོད།

ད་ནི་ང་ཚོ་གཞོན་སྐྱེས་མི་རབས་གསར་པ་ཚོས་བགྲེས་སོང་རྣམས་ཀྱིས་སྐུ་ངལ་སྐྱོན་ནས་སྒྲིག་འཛུགས་རྩ་ཆེན་བཙུགས་གནང་མཛད་ཡོད་པ་འདི་དག་བོད་མི་རིགས་ཀྱི་དོན་བདེན་མ་གསལ་བར་དུ་མུ་མཐུད་དེ་རྒྱུན་ཁྱོན་གནང་དགོས་པ་དང་། བོད་མི་རིགས་ཀྱི་དོན་དུ་སྐུ་ལས་སྐྱོན་མཁན་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེ་རང་བཞིན་གྱིས་གནས་བབས་ཤིག་ཀྱང་རེད་སྙམ།

ལྷག་པར་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་བོད་ཀྱི་”ཆབ་སྲིད་སྐྱོང་སྟངས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཆེན་པོ་ཆེ་དང་། བོད་ཀྱི་རིག་པའི་གཞུང་ལུགས། ལྷག་པར་ནང་དོན་རིག་པའི་གཞུང་ལུགས་ཀྱི་སློབ་གཉེར་གྱི་སྲོལ་རྒྱུན་རྣམས་མི་ཉམས་གཅེས་འཛིན་བྱས་པ་མ་ཟད། ཡར་རྒྱས་གོང་འཕེལ་ཧ་ཅང་ཆེན་པོ་བཏང་ཐུབ་པ་ལ་བརྟེན་ནས་ད་ལྟའི་གནས་སྐབས་བོད་མི་རིགས་འདི་འཛམ་གླིང་ནང་འབུར་དུ་ཐོན་པའི་རིག་གཞུང་གི་རིན་ཐང་དང་ལྡན་པར་ངོས་ལེན་ཡོང་བཞིན་པ་འདི་ལ་བརྟེན་ནས་”རྒྱལ་བ་སྐུ་ཕྲེང་ན་རིམ་བཀའ་དྲིན་བླ་ན་མེད་པ་དང་། བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་ཡིན་དུས་ངེས་པར་བོད་རིགས་ཡོངས་རྫོགས་ཀྱི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་། དེ་བཞིན་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་ཁག་སྙིང་དབུས་སུ་བཟུང་ནས་བོད་མི་ཡོད་དོ་ཅོག་ནས་ལས་དོན་གནང་དགོས་པ་དེ་ནི་ཧ་ཅང་གལ་ཆེ་རང་བཞིན་ཞིག་ཏུ་མཐོང་ལ།

དེ་ཡང་རྒྱལ་མཆོག་ཡབ་སྲས་རིམ་བྱོན་གྱི་མཛད་རྣམ་ལས། “བོད་མི་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་ལ། ད་ལྟའང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་ཕྱག་གིས་བཟུང་ནས་སྐྱོང་བཞིན་པ་འདི་མེད་ན། བོད་དང་བོད་མི་ཞེས་པའང་མིང་གི་ལྷག་མ་ཙམ་ལས་མེད་པར་གྱུར་ངེས་པ་འདས་པའི་ལོ་ངོ་བཞི་བཅུའི་ལོ་རྒྱུས་ཙམ་གཟིགས་པས་ཀྱང་ཁྱེན་ངེས་ཡིན་པས།” ཞེས་བཀོད་ལྟར་རེད། དེ་ཡང་ཇི་སྐད་དུ། ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་ནི། །ཡོན་ཏན་བརྗོད་པ་ལ་ངལ་མ་གྱུར། །ཞེས་གསུང་དོན་རྒྱལ་མཆོག་ན་རིམ་གྱི་བོད་མི་རིགས་ལ་མཛད་པ་བཀའ་དྲིན་ནི་བརྗོད་ག་ལ་ནུས།

(ལྔ་དང་ལྔ་བཅུའི་ལས་འཆར་ཁོངས་མང་ཚོགས་ཀྱི་དགོངས་འཆར།) ཞེས་པའི་ཐོག་ལ་རོབ་ཙམ་ཞིག་ཞུས་པ་ཡིན་ན། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་པར་བོད་འདི་མ་འོངས་པར་འཚེ་མེད་ཞི་བའི་བསྟི་གནས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་བསྒྲུབ་བྱ་དེ་ཡིན་ཞེས་གསུང་དོན་ལྟར། ང་ཚོ་ཚང་མས་ལས་དོན་དེའི་ཐོག་ཏུ་འབད་བརྩོན་གནང་དང་གནང་བཞིན་ཡོད་ཀྱང་ད་དུང་སྔ་ལྷག་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་དོན་བྱེད་དགོས་པ་ཞིག་ཏུ་མཐོང་།

དེ་བཞིན་ང་ཚོ་བཙན་བྱོལ་ཡོང་དགོས་ནི་ཁ་ལ་ཟ་རྒྱུ་མ་རག་པ་དང་། ལུས་གྱོན་རྒྱུ་མ་རག་པས་བཙན་བྱོལ་ལ་ཡོང་བ་མིན་དུས། ང་ཚོའི་ཕ་ཡུལ་གཞན་གྱིས་བཙན་འཕྲོག་བྱས་ཏེ་བཙན་བྱོལ་ལ་ཡོང་དགོས་བྱུང་བ་ཞིག་ཡིན་པས། མགོ་འོག་ཚང་མ་ནུས་པ་གཅིག་ཏུ་སྤུངས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ཕབ་པའི་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱལ་ཞི་མོལ་སྐྱར་དུ་གང་མགྱོགས་གནང་ཐུབ་པས་གཞུང་མང་གཉིས་ཀྱི་ཐོག་ནས་རྒྱ་སྤྱི་ཁག་ལ་ལས་འགུལ་རྒྱ་ཆེ་ཙམ་ཞིག་སྤེལ་དགོས་པ་ཞིག་ཏུ་མཐོང་ལ།

དེ་བཞིན་གཞིས་ཆགས་ཁག་སྔ་ལྷག་ཡར་རྒྱས་གཏོང་ཐབས་དང་། གཞིས་ཆགས་ཁག་ནང་ན་གཞོན་འཚོ་གནས་ཐུབ་ཐབས་སུ་འགྲེམས་སྟོན་ཁང་དང་། ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་སོགས་ཡུལ་སྐོར་སྤྲོ་འཆམ་ཡོང་ས་དེ་འདྲ་འཆར་གཞི་གོ་རིམ་ལྡན་པའི་ཐོག་ནས་འཛུགས་སྐྲུན་གནང་སྟེ་ཡར་རྒྱས་གཏོང་ཐབས་དང་། ལྷག་པར་བགྲེས་སོང་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་སའི་ལས་གཞི་གཞིས་ཆགས་ཁག་ནང་ལ་ཡོད་ཀྱང་དེ་དག་སྔ་ལྷག་ཡར་རྒྱས་གཏོང་ཐབས་དང་། གཞོན་སྐྱེས་རྣམས་ལའང་སྐབས་རེ་བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་སྟངས་ངོ་སྤྲོད་དེ་འདྲའི་རིགས་གང་མང་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེ་ལ་དོན་སྙིང་ལྡན་པ་ཞིག་ཏུ་མཐོང་།

དེ་བཞིན་བོད་མི་རིགས་འདི་ཉིད་གནས་མི་གནས་ནི་སོ་སོའི་མི་རིགས་ཀྱི་སྐད་ཡིག་ཡིན་དུས་ན་གཞོན་རྣམས་ཀྱི་སོ་སོའི་མི་རིགས་ཀྱི་སྐད་ཐོག་ཏུ་སྔར་ལྷག་དོ་སྣང་ཡོང་བ་འབྲེལ་ཡོད་རྣམ་པས་ཐུགས་འཁུར་ཆེ་བཞེས་གནང་དང་གནང་མུས་ཡིན་ཡང་ད་དུང་ནུས་ཤུགས་གཅིག་ཏུ་སྤུངས་ནས་སོ་སོའི་མི་རིགས་ཀྱི་སྐད་ཡིག་མ་ཉམས་རྒྱུན་འཛིན་ཡོང་ཐབས་བྱེད་དགོས་པ་དེ་རེད།

ལྷག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཡོངས་རྫོགས་ཀྱི་ནང་ལ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དང་གནང་མུ་ཡིན་རུང་། སློབ་གྲྭ་ཁག་གི་ནང་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཐུབ་ཙམ་ཞིག་མ་ཡིན་པར་ཤེས་ཡོན་སྲིད་བྱུས་ཚད་ལྡན་ལག་བསྟར་ཡོང་ཐབས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་འབད་བརྩོན་གནང་དགོས་རྒྱུ་ནི་འབྲེལ་ཡོད་ཚོས་གལ་ཆེ་རང་བཞིན་ཞིག་རེད་སྙམ། ངས་དེ་འདྲའི་བཤད་དུས་ཤེས་ཡོན་སྲིད་བྱུས་ཐོག་ཏུ་དོ་སྣང་དང་ལག་བསྟར་བྱེད་ཀྱི་མི་འདུག་གཏན་ནས་བརྗོད་ཀྱི་མེད་ཅིང་། ཡར་རྒྱས་ལ་མཐའ་མེད་དུས་སྔར་ལྷག་འབད་བརྩོན་གནང་དགོས་པའི་རེ་བསྐུལ་དང་དྲན་གསོ་ཞིག་ཀྱང་ཡིན།

དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ལ་བོད་དགེ་ཚད་ལྡན་གནས་ཐུབ་པ་ལའང་འབོད་བརྩོན་གནང་དགོས་ཤིང་། ད་སྐབས་སློབ་གྲྭ་ཁག་ཏུ་གཞི་རིམ་འོག་མ་དང་གཞི་རིམ་བར་མའི་སྐབས་སློབ་ཕྲུག་རྣམས་བོད་ཡིག་འབྲི་ཀློག་ལ་དོ་སྣང་གནང་གི་ཡོད་མོད། རིམ་གྱིས་སློབ་ཕྲུག་རྣམས་གཞི་རིམ་གོང་མ་ལ་སླེབས་དུས་བོད་ཡིག་ལ་དོ་སྣང་དང་བོད་ཡིག་སྦྱོང་རྒྱུ་ལ་སྤྲོ་སྣང་དེ་ཙམ་མེད་པ་ཞིག་ཏུ་གྱུར་འགྲོ་གིན་འདུག་ན་དེ་རིགས་ངེས་པར་དུ་འབྲེལ་ཡོད་ཚོས་ཞིབ་འཇུག་དང་དོ་སྣང་དགོས་པ་ཞིག་ཏུ་གྱུར་གྱི་ཡོད་པ་མཐོང་ཞིང་། དེ་འདྲའི་བོད་ཀྱི་སྐད་ཡིག་དོ་སྣང་མེད་པར་གྱུར་འགྲོ་བ་དེ་བོད་དགེ་རྣམ་པས་ཤེས་ཚད་མ་འདང་བ་རེད་དམ། ཡང་ན་སློབ་ཁྲིད་གནང་སྟངས་མ་འགྲིགས་པ་རེད། ཡང་ན་ཁོར་ཡུག་གི་གནས་སྟངས་ཤིག་རེད། དེ་དག་སྐོར་ལ་ངེས་པར་འབྲེལ་ཡོད་ཚོས་ཞིབ་འཇུག་གནང་རྒྱུ་དེ་ཡང་རང་བཞིན་གྱི་གལ་ཆེ་ཞིག་ཀྱང་མཐོང་། ལྷག་པར་སློབ་གྲྭ་ཁག་གི་ནང་དུ་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་གོམས་སྲོལ་དང་ལྡན་པའི་བརྩམས་སྒྲུང་གང་མང་ཞིག་དཔར་སྐྲུན་གནང་ནས་འགྲེམས་སྤེལ་དགོས་པ་དང་། དེ་དག་སློབ་གྲྭ་ཁག་གི་ནང་ལ་འགྲེམས་སྤེལ་གནང་བ་ཙམ་མ་ཡིན་པར་བོད་དགེ་རྣམ་པས་ཞར་དང་ཞོར་ལ་ངེས་པར་དུ་དུས་ཚོད་ནམ་ཁོམ་སློབ་ཁྲིད་གནང་ཐུབ་པ་ཡིན་ན་དགེ་མཚན་མེད་དམ་སྙམ།

དེ་བཞིན་ལོ་ལྟར་བོད་མི་དུ་མ་ཞིག་ཕྱི་རྒྱལ་ཡུ་གྲུ་ཁག་ཏུ་ཐོན་འགྲོ་མཁན་ཧ་ཅང་ཇེ་མང་གྱུར་གྱི་ཡོད་ཅིང་། དེ་ཡང་ནང་སྲིད་བཀའ་བློན་མཆོག་ནས་གྲོས་ཚོགས་ནང་ལ་གསུང་དོན་ལས། “ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཁྲི་ ༧ ལྷག་ཙམ་ལས་མེད་པ་དང་། དེའི་ཐོག་བརྒྱ་ཆ་ ༥ དང་ ༡༠ ཞིག་སྤར་གཅོག་བྱས་ནའང་ཁྲི་ ༨ ལས་ལྷག་པ་ཞིག་མེད་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་སྐོར་གསུངས་སོང་། ཞེས་གསུང་དོན་ལྟར། གང་ལྟར་བོད་མི་མང་ཆེ་བ་ཕྱི་རྒྱལ་ཁག་ཏུ་འགྲོ་ས་ཨེ་རག་ལྟ་མཁན་ཞིག་ཡིན་པ་ལས་རྒྱ་གར་ནང་དུ་གཏན་སྡོད་བྱེད་བསམ་པའི་འདུ་ཤེས་དེ་ཧ་ཅང་ཉུང་ཉུང་ཡིན།   དེས་དབང་གིས་མ་འོངས་པ་རང་རེའི་ན་གཞོན་རྣམས་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ག་འདྲ་ཞིག་ཏུ་གྱུར་མིན་ད་སྐབས་ནས་ང་ཚོ་ཚང་མར་སེམས་འཚབ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་གྱི་ཡོད། རྒྱུ་མཚན་དེར་བརྟེན་ནས་ཕྱི་རྒྱལ་འགའ་ཤས་ནང་ལ་བོད་མིའི་འདུས་སྡོད་མང་སར་ཕ་མ་རྣམས་ཀྱིས་སོ་སོའི་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་ཐབས་སུ་གཟའ་མཇུག་སློབ་གྲྭ་དེ་འདྲའི་བཙུགས་ནས་དེའི་ནང་ལ་ཕྲུ་གུ་གཏོང་ནས་བོད་ཀྱི་སྐད་ཡིག་ཤེས་ཐབས་གནང་དང་གནང་མུ་ཡིན་པ་རེད། རེས་གཟའ་ཉི་མི་གཅིག་པུ་ལ་བོད་ཡིག་དང་བོད་སྐད་སློབ་པ་ཙམ་གྱི་བོད་ཀྱི་སྐད་ཡིག་ག་ཚད་ཅིག་ཤེས་མིན་ནི་ང་ཚོ་ཤེས་གསལ་རེད། དེ་འདྲའི་ཡིན་དུས་བོད་མི་འདུས་སྡོད་མང་ས་དེ་འདྲའི་ཞིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཐོག་ནས་བོད་མིའི་སློབ་གྲྭའམ་ཡང་བོད་མི་མཉམ་འདུས་བྱེད་སའི་དེ་འདྲ་ཞིག་གསར་དུ་བཙུགས་ཐུབ་ན་མ་འོངས་པར་གཞོན་སྐྱེ་རྣམས་ལ་བོད་ཀྱི་སྐད་ཡིག་མི་ཉམས་པར་རྒྱུན་འཛིན་གནས་ཐུབ་པ་ཡོང་གི་རེད་སྙམ། དེ་དག་ལ་མཐུན་འགྱུར་རང་གཞུང་གཅིག་པུ་མ་ཡིན་པ་བོད་མི་ཡོད་དོ་ཅོག་ནས་མཐུན་འགྱུར་རོགས་རམ་སྦྱར་བ་ཡིན་ན། ཏན་ཏན་སློབ་གྲྭ་བཙུགས་ཐུབ་ཀྱི་རེད་སྙམ།

ལྷག་པར་གནད་དོན་གལ་ཆེ་ཞིག་ལ་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་ལ་ཆོས་མེད་སྨྲ་བའི་རིང་ལུགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས། ལོ་ངོ་ ༢༠༠ ལོ་རྒྱུས་གཞིར་བཟུང་ཐག་གཅོད་བྱེད་བཞིན་ཡོད་ཚུལ་ཧམ་སྒྲོག་བྱེད་བཞིན་ཡོད་ཅིང་། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཐད་ཆོས་སྲིད་གང་ཐད་ནས་ལོ་རྒྱུས་ཀྱི་དན་རྟགས་རྩ་བ་རང་ནས་མེད་ཅིང་། རྒྱ་གཞུང་གིས་བཤད་པ་དེ་དག་ནི་ཧམ་སྒྲོག་ཁོ་ལས་མ་འདས་ཤིང་། ཡང་སྒོས་ཆོས་མེད་སྨྲ་བ་རིང་ལུགས་ཀྱི་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པ་ལ་ཐོབ་ཐང་རྩ་བ་རང་ནས་མེད་ཅིང་། དེ་བརྟེན་ནས་ད་རེས་ཡང་སྲིད་སྐོར་ལ་ཚོགས་ཆེན་དེའི་ཐོག་ནས་ངེས་པར་དུ་གྲོས་ཆོད་ཅིག་སྐྱར་སྣོན་འཇོག་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གལ་ཆེ་ཞིག་ཏུ་མཐོང་།

དེ་བཞིན་རྒྱ་དམར་གྱིས་ཐབས་ལམ་སྣ་ཚོགས་ཤིག་སྤྱད་ནས་བོད་མི་རིགས་ཀྱི་སྐད་ཡིག་མེད་དང་། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད་ཅིང་། དེ་དག་འགོག་ཐབས་ལ་ངེས་པར་རྒྱལ་སྤྱི་ཁག་ལ་ཞུ་གཏུགས་ཀྱི་ལས་འགུལ་མང་ཙམ་ཞིག་སྤེལ་དགོས་པ་དང་། སྤེལ་བ་དེ་དག་མིང་དོན་མཚུངས་ཤིང་དོན་སྙིང་ལྡན་པ་ཞིག་སྤེལ་དགོས་པར་མཐོང་། ངས་ལས་འགུལ་དོན་སྙིང་ལྡན་པ་ཞིག་སྤེལ་དགོས་ཀྱི་འདུག་ལབ་དུས་འགའ་ཤས་ཀྱིས་ལས་འགུལ་སྤེལ་གྱི་མེད་པ་གོ་སྲིད་ཀྱང་དེ་འདྲ་བརྗོད་ཀྱི་མེད། ཡར་རྒྱས་མཐའ་མེད་དུས་སྔ་ལྷག་ནུས་ཤུགས་ལྡན་པ་སྤེལ་དགོས་པའི་དོན་ཡིན།

མཐའ་དོན་བོད་མི་རིགས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་གེགས་ལྷུན་གྱིས་འགྲུབ་པ་དང་། བོད་མི་རིགས་ཀྱི་བདེན་དོན་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས། ཞེས་པ་འདི་ནི་ལྔ་དང་ལྔ་བཅུའི་ཚོགས་ཆེན་ལ་རང་ངོས་ནས་བསམ་ཚུལ་ཕུལ་བ་ཞིག་ཡིན།

ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཉིན་མོར་ཕུལ།

 

Share this:
༤༠༥ ཀློག་གྲངས།