ཨ་རིས་ཨ་རིར་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོའི་འགྲོ་འདུག་ཡར་ཞུ་དགོས་པའི་སྒྲིག་ལམ་གསར་པ་བཞག་འདུག

ཨ་རྒྱ་གཉིས་ཀྱི་འགལ་བ་ཇེ་མང་དང་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་ནས་ཨ་རི་ལ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་རྣམས་གང་དུ་འགྲོ་བ་དང་སུ་དང་ཐུག་པའི་སྐོར་གྱི་གནས་ཚུལ་རྣམས་སྔོན་ཚོད་ནས་ཨ་རིའི་གཞུང་ལ་ཡར་ཞུ་དགོས་པའི་སྒྲིག་ལམ་གསར་པ་ཞིག་བཞག་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་གཞུང་གིས་ཨ་རི་ལ་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྲེལ་བའི་སྒྲིག་ལམ་གསར་པ་ཞིག་བཞག་པ་དང་། སྒྲིག་ལམ་གསར་པ་དེའི་འོག་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིའི་མངའ་སྡེ་དང་ས་གནས་ཀྱི་དཔོན་པོའམ། ཡང་ན་མཐོ་སློབ་དང་སློབ་གྲྭ་ཁག་ལ་གཞུང་འབྲེལ་གྱི་ཐུག་འཕྲད་དང་ལྟ་སྐོར་བྱེད་སྐབས། དེ་དོན་སྔོན་ཚོད་ནས་ཨ་རིའི་སྲིད་གཞུང་ལ་ཡར་ཞུས་བྱེད་དགོས་ཡོད་འདུག

སྒྲིག་ལམ་གསར་པ་དེ་འཇོག་པའི་རྒྱུ་མཚན་ནི། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་འགོ་ཁྲིད་ཚོས་རྒྱ་ནག་གི་མཐོ་དམན་བར་མའི་དཔོན་པོ་དང་ཐུག་འཕྲད་བྱེད་སྐབས་དང་། ཡང་ན་སློབ་གྲྭ་ཆེ་ཆུང་ཁག་དང་། ཞིབ་འཇུག་གི་ལྟེ་གནས་རྣམས་ལ་ལྟ་སྐོར་བྱེད་དུས། རྒྱ་ནག་གཞུང་གི་ལག་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་དེའི་ཡ་ལན་དང་རྒྱ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་འགྲོ་འདུག་གི་དབང་ཚད་ཆ་སྙོམ་བཟོ་ཆེད་ཡིན་འདུག་སྟེ། གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མཁན་གྱི་ཨ་རིའི་ལས་བྱེད་ཅིག་གིས“ང་ཚོས་འདིར་གང་ཞིག་འབད་བརྩོན་བྱེད་བཞིན་ཡོད་ཟེར་ན། ཕན་ཚུན་ཆ་སྙོམ་དང་འདྲ་མཉམ་གྱི་གནས་སྟངས་ཤིག་ཡོང་ཐབས་བྱེད་བཞིན་ཡོད”ཅེས་བཤད་འདུག

ཡིན་ན་ཡང་། ཨ་རིའི་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཡར་ཞུ་བྱེད་དགོས་པ་ལས་ཆོག་མཆན་ལེན་མི་དགོས་པ་དེ་དོ་ནན་གྱིས་བཤད་འདུག་པ་མ་ཟད། སྒྲིག་ལམ་གསར་པ་དེའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཁབ་གཉིས་ཀའི་འབྲེལ་ཡོད་འགོ་ཁྲིད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ཚད་བཀག་མེད་པ་བཟོ་རྒྱུ་དེ་ཡིན་སྐོར་ཀྱང་བཤད་ཡོད་འདུག

རྒྱ་ནག་གི་ཕྱོགས་ནས་ད་ཐེངས་ཀྱི་སྒྲིག་ལམ་གསར་པ་དེ་ནི་སྔོན་ཆད་ཨ་རྒྱའི་བར་དུ་བཞག་པའི་ཝིན་ན་གྲོས་མཐུན་(The Vienna Convention)དང་འགལ་བ་ཡིན་ཚུལ་བཤད་དེ་སྐྱོན་བརྗོད་བྱས་པའི་ཁར། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་འགོ་ཁྲིད་ཀྱི་ཁ་གྲངས་དེ་ཨ་རིར་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ལས་མང་བ་ཡོད་པ་རྒྱུ་མཚན་དྲངས་ཏེ་དེ་ཡང་ཆ་སྙོམ་བཟོ་དགོས་པའི་རྣམ་འགྱུར་བསྟན་ཡོད་འདུག

ད་ལྟའི་ཆར་ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་(Hollywood)དང་། རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་(NBA)ཀྱིས་མཚོན་པའི་ཨ་རིའི་སྤྱི་ཚོགས་ཀྱི་ཆ་ཀུན་ལ་ཐེབས་པའི་རྒྱ་ནག་གི་དཔལ་འགྱུར་ཤུགས་རྐྱེན་དེ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པར་བརྟེན། ཨ་རིས་ཀྱང་དེ་ལ་སྔར་ལས་ལྷག་པའི་དོགས་ཟོན་དང་འཇིགས་སྣང་གིས་ཡ་ལན་སློག་པའི་འབད་བརྩོན་བྱེད་བཞིན་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༤༧༥ ཀློག་གྲངས།