ཨོ་སི་ཁྲུ་ལི་ཡའི་གསར་ཁང་རྣམས་ཀྱིས་གཞུང་ལ་ངོ་རྒོལ་བྱས་འདུག   

ཨོ་སི་ཁྲུ་ལི་ཡའི་ནང་གསར་འགོད་ཀྱི་རང་དབང་དང་ཐོབ་ཐང་ལ་ཚད་བཀག་ཇེ་ཆེར་ཐེབས་བཞིན་ཡོད་པར་བརྟེན། རྒྱལ་ཁབ་དེའི་གསར་ཁང་ཆེ་གྲས་རྣམས་མཉམ་འབྲེལ་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ་སྲིད་གཞུང་ལ་གསར་འགོད་པའི་རང་དབང་བརྩི་སྲུང་དགོས་པའི་དགོས་འདུན་བཏོན་ཡོད་འདུག 

དེ་ཡང་ཕྱི་ཟླ་༡༠ ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། རེས་གཟའ་ཟླ་བའི་ཞོགས་པར་ཨོ་སི་ཁྲུ་ལི་ཡའི་གསར་ཁང་ཆེ་ཤོས་རྣམས་ཀྱིས་སོ་སོའི་ཚགས་པར་གྱི་མདུན་ངོས་སུ་ནག་བསུབ་བཏང་བའི་ཡི་གེ་བཀོད་དེ་འདོན་འགྲེམ་བྱས་འདུག་པ་དང་། དེ་ནི་ཉེ་བའི་ལོ་ངོ་བཅུ་ཕྲག་རིང་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་ཁྲིམས་དང་སྒྲིག་གཞི་གསར་པ་རབས་དང་རིམ་པ་མང་པོ་ཟིག་བཞག་སྟེ་གསར་འགོད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ངོ་རྒོལ་གྱི་རྣམ་པ་བསྟན་པ་ཞིག་ཡིན་འདུག 

ཐེངས་འདིའི་ངོ་རྒོལ་དེ་ཚགས་ཤོག་ཁོ་ན་མ་ཡིན་པར་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཀྱང་སྤེལ་ཡོད་འདུག་སྟེ། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་ཁག་གི་ཐོག་ཏུ་ཡང་བརྡ་ཁྱབ་སྤེལ་ནས་རྒྱ་ཆེའི་ལྟ་མཁན་རྣམས་ལ། “སྲིད་གཞུང་གིས་བདེན་པ་བཀབ་ནས་ཁྱོད་ལ་མཐོང་དུ་མི་འཇུག་པའི་སྐབས།། ཁོང་ཚོས་ཅི་ཞིག་སྤས་སྐུང་བྱེད་ཀྱི་ཡོད་དམ་”ཞེས་པའི་དོགས་དྲི་བྱས་ཡོད་འདུག 

ཉེ་བའི་ལོ་ཤས་ནང་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་སྤས་གསང་ཇེ་མང་དང་། གསར་འགོད་ཀྱི་རང་དབང་ལ་ཚད་བཀག་ཇེ་ཆེར་གཏོང་བཞིན་ཡོད་ལ། ལྷག་ཏུ་འདི་ལོའི་སྤྱི་ཟླ་དྲུག་པའི་ནང་ཉེན་རྟོག་པས་རྒྱལ་ཁབ་ཀྱི་གསང་བ་ཁྱེར་བའི་ཉེས་མིང་འོག་ནས་གྲགས་ཅན་གྱི་གསར་ཁང་ཞིག་དང་། གསར་ཁང་གཞན་ཞིག་གི་རྩོམ་སྒྲིག་པར་འཇལ་རྒོལ་བྱས་ཏེ་གློག་ཀླད་ཀྱི་ཡིག་ཆ་༩,༠༠༠ ཙམ་སྔོག་བཤེར་བྱས་པའི་དོན་རྐྱེན་ཞིག་ལྷགས་པ་དེ། རྒྱལ་ཁབ་དེའི་ནང་གསར་འགོད་ཀྱི་རང་དབང་ལ་ཚད་བཀག་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་གཙོ་བོར་གྱུར་བ་མ་ཟད། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་སྐྱོན་བརྗོད་དང་ཁ་རྡུང་ཚབས་ཆེན་ཕོག་ཡོད་འདུག 

རེས་གཟའ་ཟླ་བའི་ཉིན་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཐུན་མོང་ནས་སྤེལ་བའི་ངོ་རྒོལ་ལས་འགུལ་འདིའི་དམིགས་ཡུལ་ནི། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་ལ་མི་མང་གི་གནོན་ཤུགས་སྤྲད་དེ་གསར་འགོད་པ་ཚོར་རྩོད་རྙོག་ཅན་གྱི་གནས་ཚུལ་ལ་རྟོག་ཞིབ་རྒྱུས་ལོན་དང་། རྩོམ་འབྲི་བརྒྱུད་སྤེལ་བྱེད་པའི་རང་དབང་ཡོང་བ་བཟོ་ཆེད་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༤༨༤ ཀློག་གྲངས།