རྒྱ་ནག་གིས་ཧོང་ཀོང་སྤྱི་ཁྱབ་དཔོན་འཕོ་འགྱུར་གཏོང་འཆར་ཡོད་འདུག 

རྒྱ་ནག་གཞུང་གིས་རྙོག་གྲའི་ནང་དུ་ཚུད་པའི་ཧོང་ཀོང་སྤྱི་ཁྱབ་དཔོན་དེ་འཕོ་འགྱུར་བཏང་ནས། ཚབ་ཏུ་མི་སྣ་གཞན་ཞིག་བསྐོ་གཞག་བྱ་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པའི་གནས་ཚུལ་ཕྱིར་ཐོན་འདུག 

ཟླ་༡༠ པའི་ཚེས་༢༣ རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བརྒྱུད་ལམ་དཔལ་འབྱོར་དུས་བབ་ལ་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལཱམ་འཕོ་འགྱུར་བཏང་ནས། མོའི་ལས་ཡུན་མ་རྫོགས་བར་སྤྱི་ཁྱབ་དཔོན་གྱི་ལས་ཁུར་བྱེད་མཁན་ཞིག་བསྐོ་གཞག་བྱེད་རྒྱུའི་འཆར་གཞི་འཐེན་བཞིན་འདུག་པ་དང་། གལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འཆར་གཞི་དེར་རྒྱབ་སྐྱོར་བྱས་ཚེ། ཕྱི་ལོ་༢༠༢༠ ལོའི་ཟླ་༣ པའི་ནང་འཆར་གཞི་དེ་ལག་བསྟར་བྱེད་འཆར་ཡོད་འདུག དེ་ཡང་ཟླ་༣ པའི་ནང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ལོ་འཁོར་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག

དེ་ཡང་རྒྱ་ནག་གཞུང་གིས་སྤྱི་ཁྱབ་དཔོན་འཕོ་འགྱུར་གཏོང་བའི་འཆར་གཞིར་མཐའ་མའི་ཐག་གཅོད་མ་བྱས་པའི་སྔོན་དུ། ཧོང་ཀོང་ནང་གི་གནས་སྟངས་ཞི་འཇམ་ཆགས་རྒྱུ་གལ་ཆེན་འཛིན་བཞིན་འདུག འབྲེལ་ཡོད་ལས་བྱེད་ཚོས་ཧོང་ཀོང་ནང་ལས་འགུལ་བ་འཛིན་བཟུང་མང་དུ་འགྲོ་བཞིན་པ་དང་བསྟུན། ལས་འགུལ་བ་ཚོས་སྤྱི་པ་དང་སྒེར་གྱི་མཁར་དངོས་གཏོར་བཤིག་གཏོང་གི་ཡོད་པའི་བྱ་སྤྱོད་ཀྱིས་མི་མང་གི་རྒྱབ་སྐྱོར་ཉུང་དུ་ཕྱིན་ནས། གནས་སྟངས་ཞི་འཇམ་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་འདུག

དེ་ཡང་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལཱམ་གྱི་ཚབ་ཏུ་བསྐོ་གཞག་བྱེད་འཆར་ཡོད་པའི་འོས་མི་སྔོན་ཐོན་གཉིས་ནི། ཧོང་ཀོང་གི་དངུལ་ལོར་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ནཱོར་མན་ཆན་དང་། དེ་སྔོན་ཧོང་ཀོང་གཞུང་གི་དྲུང་ཆེ་དང་། དཔལ་འབྱོར་དྲུང་ཆེ་ཡི་ལས་ཁུར་བྱེད་མྱོང་མཁན་ཧེན་རི་ཀྲང་གཉིས་ཡིན་འདུག དེ་ཡང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱིས་དཔལ་འབྱོར་དུས་བབ་ལ་བརྗོད་པར་གཞིགས་ན། སྤྱི་ཁྱབ་དཔོན་གསར་པ་དེས་ལྕམ་ཁེ་རི་ལཱམ་གྱི་ལས་ཡུན་ལྷག་མ་མ་རྫོགས་བར་ཏེ་ཕྱི་ལོ་༢༠༢༢ བར་ལས་ཁུར་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་བསྐྱར་དུ་ལས་ཡུལ་ལོ་ལྔ་ཡི་ལས་ཁུར་བྱེད་པ་དགོས་ངེས་ཆགས་ཀྱི་མེད་སྐོར་བརྗོད་འདུག

ཟླ་༧ པའི་ནང་དཔལ་འབྱོར་དུས་བབ་ཀྱིས་ཧོང་ཀོང་སྤྱི་ཁྱབ་དཔོན་གྱིས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་མུ་མཐུད་ལས་ཁུར་བྱེད་དུ་བཅུག་ཡོད་པའི་གནས་ཚུལ་བཏོན་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གཉིས་ཀས་གནས་ཚུལ་དེ་འདྲ་བྱུང་མེད་སྐོར་བརྗོད་ཡོད་པ་རེད་དེ། ཟླ་༩ པའི་ནང་ཧོང་ཀོང་སྤྱི་ཁྱབ་དཔོན་ཁེ་རི་ལམ་དང་ཚོང་ལས་འགོ་ཁྲིད་ཁག་ཅིག་གསང་བའི་ཐོག་ཚོགས་འདུ་འཚོགས་པའི་སྐབས་ཀྱི་སྒྲ་འཇུག་གཅིག་རྒྱལ་སྤྱིའི་བརྒྱུད་ལམ་རེའུ་ཊར་ལ་ཐོབ་ནས་རྒྱལ་སྤྱིའི་ནང་ཁྱབ་སྤེལ་ཆེན་པོ་སོང་ཡོད་པ་དང་། དེའི་ནང་ལྕམ་ཁོང་གིས་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ཞིག་གིས་ཧོང་ཀོང་ལ་གཏོར་སྐྱོན་ཆེན་པོ་དེ་འདྲ་བཏང་ནས་བརྟན་ལྷིང་མེད་པ་བཟོས་པ་དེ་ནི་དགོངས་སེལ་ཡོང་ཐབས་མེད་པ་ཞིག་ཡིན་པས། གལ་ཏེ་ཁོང་ལ་དགོངས་པ་ཞུ་བའི་འདམ་ག་ཞིག་ཡོད་ཚེ། ཐོག་དང་ཤོས་དེ་དགོངས་པ་ཞུ་རྒྱུ་ཡིན་པ་དང་། སྙིང་ཁོངས་གཏིང་ནས་དགོངས་སེལ་ཞུས་རྗེས་དགོངས་པ་ཞུ་དགོས་པ་ཡིན་ཞེས་དང་། ཚོང་གི་འགོ་ཁྲིད་རྣམས་ནས་དགོངས་སེལ་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་ཅེས་དང་། དེ་བཞིན་ཧོང་ཀོང་ནས་རྒྱ་ནག་ཏུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་པའི་ཁྲིམས་འཆར་དེ་རྒྱ་ནག་དབུས་གཞུང་གིས་བཀའ་བཏང་བ་དང་བཙན་སྐུལ་བྱས་པ་ཞིག་མིན་ཁར། དེ་ནི་ཁོང་ལ་བསམ་བློ་འཁོར་ནས་ཐག་གཅོད་བྱས་པ་ཞིག་ཡིན་པས། ཐག་གཅོད་དེར་འགྱོད་པ་སྐྱེས་ཀྱི་ཡོད་སྐོར་བརྗོད་འདུག ཁོང་གིས་ད་དུང་ཁོང་ནི་རྒྱ་ནག་གཞུང་དང་ཧོང་ཀོང་མི་མང་གཉིས་ཀ་ཞབས་ཞུ་བྱེད་དགོས་མཁན་ཞིག་ཡིན་པས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་གནད་དོན་ཆེན་པོ་ཆགས་ཡོད་པས། ཆབ་སྲིད་ཐོག་ནས་འགུལ་སྐྱོད་རྒྱག་ས་ཆུང་ཆུང་ལས་མེད་སྐོར་བརྗོད་འདུག དེ་བཞིན་ལས་འགུལ་བ་འཛིན་བཟུང་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་ཡང་། རྒྱ་ནག་གི་དམག་མིས་ཐེ་བྱུས་བྱེད་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཡོད་པ་རེད། རྗེས་སུ་ཁོང་གིས་སྐད་ཆ་དེ་ནི་མི་སྒེར་ཞིག་ལ་སྦྱར་ནས་བཤད་པ་ལས་རང་ཉིད་དགོངས་པ་ཞུ་རྒྱུའི་བསམ་བློ་ཡང་འཁོར་མྱོང་མེད་སྐོར་གསར་འགོད་ལྷན་ཚོགས་ཤིག་ཐོག་ཏུ་བརྗོད་ཡོད་པ་རེད་དེ། གནས་ཚུལ་དེ་དག་ལས་ཁོང་ལས་གནས་ནས་དགོངས་པ་ཞུ་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་གལ་ཏེ་དེ་ལྟར་བྱས་ཚེ། ཧོང་ཀོང་མི་མང་དང་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གཉིས་ལ་ངོ་རྒོལ་ལས་འགུལ་བ་ཚོས་གནོན་ཤུགས་སྤྲད་ཐུབ་ཀྱི་ཡོད་པའི་བརྡ་ལན་སྤྲད་རྒྱུ་དང་། དེས་ངོ་རྒོལ་ལས་འགུལ་བ་ཚོ་སེམས་ཤུགས་འཕར་ནས་ལས་འགུལ་ཤུགས་ཆེ་རུ་འགྲོ་རྒྱུའི་སེམས་འཚབ་བྱེད་ཀྱི་ཡོད་པས། སྤྱི་ཁྱབ་དཔོན་དགོངས་པ་ཞུ་བཅུག་མེད་པ་ཡིན་སྐོར་དཔྱད་བརྗོད་པ་ཁག་གིས་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༨༧ ཀློག་གྲངས།