ཨ་རྒྱའི་ཚོང་དམག་དང་བོད་ཀྱི་དྲ་དམག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༤  ཕྱི་ལོ་ ༢༠༡༩/༡༠ /༢༣

ད་ལྟའི་དུས་སྐབས་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་གཞུང་གིས་རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་ཐོག་ནས་ཚོང་དམག་ཆེན་པོ་ཞིག་རྒྱག་བཞིན་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བ་ཕྱོགས་ཁག་གཉིས་སུ་གྱེས་ནས། ཨ་རི་དང་རྒྱ་ནག་གང་རུང་གི་རྒྱབ་ཏུ་ལངས་ནས་ཤོག་ཁག་དཔུང་སྒྲིག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་ཅིག་གིས་དེ་གཉིས་གང་གི་ཕྱོགས་སུ་ལངས་དགོས་མིན་ཐེ་ཚོམ་གྱི་ངང་དུ་ལུས་ནས། མ་འོངས་པར་རང་ཉིད་ལ་ཚོང་གི་ཁེ་ཕན་ག་འདྲ་ཞིག་རག་ཐུབ་ཀྱི་ཡོད་མེད་ཐག་གཅོད་མ་ཐུབ་པར་ལུས་མཁན་ཡང་མང་པོ་ཡོད། ཆེ་ས་ནས་བཤད་ན་ཚོང་དམག་འདི་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཞིག་འགྲོ་ངེས་པ་དང་། ཆུང་ས་ནས་བཤད་ན་རྒྱལ་ཁབ་མང་པོ་ཞིག་དཔལ་འབྱོར་གྱི་ཐོག་ནས་གནས་སྟངས་ཉམས་ཉེས་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ལྷག་པར་དུ་ད་ལན་ཚོང་དམག་འདི་ལ་བརྟེན་ནས་ཨ་རིའི་ཁ་གཏད་ཆེ་ཤོས་རྒྱ་ནག་སྤྱི་ཡོངས་ལ་དཔལ་འབྱོར་གྱི་ཐོག་ནས་ཤུགས་རྐྱེན་ངན་པ་འཕྲད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད། 

ཨ་རི་ལ་མཚོན་ན་ཚོང་དམག་དེའི་ཤུགས་རྐྱེན་ལ་བརྟེན་ནས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་མི་སྲིད་པ་མིན་ཡང་། ད་ལྟའི་ཆར་འཛམ་གླིང་གི་རྒྱུ་ནོར་མང་ཤོས་ཕྱུག་བདག་ཆེ་ཤོས་ཁག་ཅིག་གི་ལག་ཏུ་ཡོད་པ་དང་། དཔེར་ན་ཕྱི་ལོ་༢༠༡༩ ལོའི་འཛམ་གླིང་ཕྱུག་བདག་ཆེ་ཤོས་རྩེ་ཕུད་༢༠ ནང་ཨ་མི་རི་ཀ་རྒྱལ་ཁབ་ཀྱི་ཁོངས་ནས་ཕྱུག་བདག་བཅུ་གསུམ་ཡོད་ཅིང་། དེ་ཡང་ཨང་རིམ་དང་པོ་དང་གཉིས་པ། བཞི་པ། དྲུག་ནས་དགུ་བར་ཆ་ཚང་དང་། བཅུ་གཅིག་པ། དེ་བཞིན་བཅུ་གསུམ་ནས་བཅུ་དྲུག་བར་ཆ་ཚང་། ཨང་བཅོ་བརྒྱད་པ་བཅས་ཨ་རི་ཡིན་པ་དང་། ཕྱུག་བདག་དེ་དག་གི་ནང་དུ་རྒྱ་ནག་ནས་ཡིན་པ་གྲངས་གཉིས་ཡོད་པ་དེ་ཡང་ཨང་གྲངས་བཅུ་དགུ་དང་ཉི་ཤུ་གཉིས་རེད། ཨང་རིམ་དེ་དག་གི་ཧེ་བག་བསྡུར་ན་ཨ་རིའི་ཕྱུག་བདག་ཆེ་ཤོས་ཀྱི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་༡༡༧༠ ཡིན་པ་དང་། རྒྱ་ནག་གི་ཕྱུག་བདག་ཆེ་ཤོས་ཀྱི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་༣༧༧ ཡིན་པ་རེད། གཞན་ཡང་ཕྱུག་བདག་གི་ཨང་རིམ་དེའི་ནང་དུ་ཧྥ་རན་སི་ནས་གཉིས་དང་། སི་པེན་གྱི་གཅིག མེཀ་སི་ཀོ་ནས་གཅིག རྒྱ་གར་གྱི་གཅིག་བཅས་ལས་གཞན་ཚུད་མི་འདུག 

དེ་ལྟ་བུའི་གནས་སྟངས་དེའི་ཐོག་ནས་བལྟས་ན་རྒྱ་ནག་གི་ཕྱུག་བདག་ཆེ་ཤོས་ཉེ་ཆར་ཚོང་དམག་གི་ཤུགས་རྐྱེན་ལ་བརྟེན་ནས་ཁོ་རང་གིས་གསར་འཛུགས་བྱས་པའི་དྲ་ཐོག་ཚོང་ལས་ཁང་ནས་དགོངས་པ་ཞུ་དགོས་ཐུག་ཡོད་པ་དང་། གཞན་ཡང་ཕྱུག་བདག་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་འདུག དེར་བརྟེན་རྒྱ་ནག་ལ་ད་ལྟའི་ཆར་དཔལ་འབྱོར་དང་སྟོབས་ཤུགས་གཉིས་ཐད་ནས་ནུས་པ་ཆེན་པོ་ཡོད་ཀྱང་ཨ་རིའི་ཁ་གཏད་གཅོག་ཐུབ་པའི་ནུས་པ་གཏན་ནས་མེད་པ་མ་ཟད། ད་ལྟ་ཨ་རིའི་ཚོང་དམག་གི་སྲིད་བྱུས་འདི་མུ་མཐུད་རྒྱུན་རིང་ཙམ་བརྟན་པོར་གནས་ཐུབ་པ་ཡིན་ན། རྒྱ་ནག་གི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་ངེས་པ་དང་། དེ་ལ་བརྟེན་ནས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དབང་ཤུགས་ཀྱང་ཉམས་གུད་དུ་འགྲོ་རྒྱུའི་རེ་བ་ཡོད། སྔོན་མ་ཨ་རིའི་སྲིད་གཞུང་ནས་རྒྱ་ནག་ལ་དཔལ་འབྱོར་ཡར་རྒྱས་བཏང་ན་མང་གཙོ་ཅན་དུ་འགྱུར་རྒྱུའི་རེ་བ་ཞིག་རྒྱག་མྱོང་ཡང་། ལོ་༢༠ རྗེས་སུ་དམིགས་ཡུལ་དེ་འགྲུབ་མེད་པ་མ་ཟད། ལྡོག་ཕྱོགས་ནས་ནུས་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས་ད་ལན་ཨ་རིའི་སྲིད་འཛིན་གྱི་སྲིད་བྱུས་དེ་ནི་དོན་དང་ལྡན་པ་ཞིག་ཏུ་གྱུར་ཡོད། 

བཙན་བྱོལ་བོད་མི་དུས་རྒྱུན་དྲ་རྒྱའི་ནང་ནས་ཁ་དམག་རྒྱག་རྒྱུ་ལ་གོམས་ཡོད་པ་དང་། ད་ལྟའི་ཆར་མང་པོ་ཞིག་རང་ཉིད་ཀྱིས་གང་བཤད་པ་དེ་བརྙན་བླངས་ནས་སྐད་ཆ་ཤོད་བཞིན་འདུག་པ་ནི། འགན་ཁུར་བའི་ཐོག་ནས་བྱས་པ་ཞིག་རེད་ཅེས་བརྗོད་ཀྱང་མི་འགྲིག་པ་ཆེན་པོ་མེད་ཀྱང་། མིང་རྫུན་སྣ་ཚོགས་འོག་ནང་ཁུལ་གྱི་རྩོད་རྙོག་ཁག་གི་ཕྱོགས་གཅིག་གི་རྒྱབ་རྩ་ཡིན་མདོག་དང་ཚོར་བ་ཆེ་མདོག་གིས་དཀྲོག་གཏམ་འདྲ་མིན་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། སྐབས་རེ་དེ་ལ་བརྟེན་ནས་མཐོ་དམན་བར་གསུམ་གང་ས་ནས་དོ་སྣང་བྱེད་མཁན་ཡང་མང་པོ་ཡོང་གི་ཡོད། དེ་དག་ལ་དོགས་ཟོན་བྱེད་དགོས་པ་མང་པོ་ཡོད་ཅིང་། སྐབས་རེ་བྱེད་སྟངས་འབྲི་སྟངས་གང་ཐད་ནས་ཕྱོགས་སུ་གང་གི་རྒྱབ་སྐྱོར་མ་ཡིན་པར་དེ་དག་གི་བར་དུ་དཀྲུག་ཤིང་རྒྱག་ཆེད། མི་རེ་ཟུང་གིས་འབྲེལ་ཡོད་ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བ་ཡིན་མདོག་བྱེད་བཞིན་ཡོད་པའི་རྣམ་པའང་ཆེན་པོ་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་དྲ་དམངས་ཀྱི་བསམ་བློ་ན་མ་སྨིན་པ་དང་། ཕྱོགས་གཅིག་ནས་རྒྱ་དམར་གྱི་ལག་པ་ཡོད་ངེས་པར་ཚོད་དཔག་བྱེད་ཆོག 

མདོར་ན་ཨ་རྒྱའི་ཚོང་དམག་ལ་བརྟེན་ནས་འཛམ་བུའི་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཨ་རི་སོགས་རང་ཉིད་ཀྱི་ཁེ་ཕན་མངོན་གསལ་གྱི་ཐོག་ནས་ལེན་ཐུབ་པའི་རེ་བ་བརྒྱ་ཆ་མཐོན་པོ་ཡོད། ད་དུང་རྒྱ་དམར་གཞུང་གི་ཧམ་སེམས་དང་། གདུག་རྩུབ་ལ་ཁ་གཏད་ཆེན་པོ་ཞིག་གཅོག་ཐུབ་ན་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་ཡོངས་ནས་འཛམ་གླིང་ཞི་བདེ་ལ་སྨན་པའི་ལས་འགུལ་རླབས་ཆེན་ཞིག་ཏུ་འགྱུར་ངེས་ཡིན་ནའང་། བཙན་བྱོལ་བོད་མིས་དྲ་དམག་བརྒྱབ་ནས་བོད་ཕྱི་ནང་གཉིས། བོད་པའི་རྩ་དོན་སོགས་གང་ལའང་ཕན་ཐོགས་མེད་པར་མཐའ་མ་༧གོང་ས་མཆོག་གི་དགོངས་པ་དཀྲུག་གཞི་དང་། སྤྱི་ཚོགས་ཁ་འཐོར་དུ་འགྲོ་བའི་སྣ་འདྲེན་ལྟ་བུ་ལས། བོད་པ་སྤྱི་དང་། གང་ཟག་སྒེར་སུ་གཅིག་ལ་ཕན་ཐོགས་མེད་པ་མ་ཟད། ནང་འཁྲུག་གི་དྲ་དམག་འདི་ལ་བརྟེན་ནས་རྒྱ་གཞུང་ལ་དགོས་པའི་ནང་གི་གནས་ཚུལ་དང་། རྒྱ་གཞུང་གི་མངོན་འདོད་ཁག་འབད་པ་ཆེན་པོ་མི་དགོས་པར་དངུལ་དངོས་ཀྱི་འགྲོ་སོང་ཅུང་ཙམ་རེ་བཏང་ནས་འགྲུབ་འགྲོ་གི་ཡོད་པས། ཨ་རྒྱའི་ཚོང་དམག་དང་བོད་ཀྱི་དྲ་དམག་གཉིས་བསྡུར་ན་མཇུག་འབྲས་མི་འདྲ་བ་གསལ་པོ་རེད།།

Share this:
༨༤༣ ཀློག་གྲངས།