སྒྱུ་རྩལ་དང་མི་རིགས་ཀྱི་གོམས་གཤིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༥  ཕྱི་ལོ་ ༢༠༡༩/༡༠ /༣༠

 

ཁ་སང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་ཚོགས་ཁང་གསར་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་ཡོད་པ་རེད། ད་ལན་དུས་ཚོད་འདི་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་དེ་ཡང་འཚོགས་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཟློས་གར་སྒྱུ་རྩལ་གྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་རྒྱ་ཆེན་པོ་ཞིག་འཚོགས་པའང་ཐོག་མ་ལྟ་བུ་ཆགས་ཡོད། བོད་ཀྱི་ཟློས་གར་ལ་བོད་ས་སྟོད་སྨད་བར་གསུམ་ནས་སྒྱུ་རྩལ་གྱི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། ཟློས་གར་སྒྱུ་རྩལ་ལ་མཚོན་ན་བོད་ཀྱི་རིག་གནས་ཆུང་བ་ལྔའི་ནང་གསེས་ཤིག་ཡིན་ཡང་། ཟློས་གར་སྒྱུ་རྩལ་གྱི་རྣམ་གྲངས་སམ་ཆ་ཤས་དུ་མར་དབྱེ་ན་གཞས་དང་ཞབས་བྲོ་སོགས་ཀྱང་ཚུད་ཡོད། མི་རིགས་དང་རྒྱབ་ཁབ་གང་ཡིན་ཡང་མི་རིགས་སོ་སོའི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བ་དང་། འཚོ་བའི་གོམས་གཤིས་མི་འདྲ་བའི་ཐོག་ནས་བྱུང་བའི་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡོད།

ད་ལྟའི་ཆར་འཛམ་གླིང་གི་ཁྱོན་ནས་རིག་གནས་ཆུང་བ་རྣམས་རིག་གནས་ཆེ་ཁག་གི་ནང་དུ་ཐིམ་བཞིན་པའི་དུས་ཚོད་ཅིག་ཡིན་པ་དང་། བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱང་བོད་ནས་རྒྱ་དམར་གཞུང་གི་རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་གནོན་ཤུགས་འོག་ནས་བག་ལ་ཞ་བཞིན་པའི་གནས་བབས་ཤིག་ཏུ་གྱུར་ཡོད་པ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མི་རིགས་ཧ་ཅང་ཆེན་པོ་ཞིག་དང་། རིག་གནས་མི་འདྲ་བ་ཧ་ཅང་མང་པོ་ཞིག་གི་ཁོར་ཡུག་ནས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་རྣམ་གྲངས་མང་པོ་ཞིག་ཀྱང་རང་བཞིན་གྱིས་ཉམས་དམས་སུ་འགྱུར་བཞིན་པའི་གནས་སྟངས་ནི། རི་གཟར་གྱི་རྦབ་རྡོ་ལྟ་བུར་གྱུར་ཡོད་པས་ཧ་ཅང་བཟློག་དཀའ་བའི་གནས་སུ་གྱུར་ཡོད། དེ་ཡང་བཙན་བྱོལ་བོད་མི་རྣམས་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་དགའ་ཞེན་མེད་པ་གཅིག་པུ་མ་ཡིན་པར། རྒྱལ་ཁབ་ཆེན་པོ་དང་མི་རིགས་ཧ་ཅང་གྲངས་མང་ཞིག་གི་ཁོར་ཡུག་ཏུ་གནས་ཡོད་སྟབས། ད་བར་བོད་ཀྱི་རིག་གནས་ཀྱི་སྲོག་དབུགས་མ་ཆད་པ་འདི་ཡང་བཙན་བྱོལ་བོད་མི་རྣམས་ཀྱི་འབད་བརྩོན་ལ་ཁོ་ན་རག་ལས་ཡོད།

སྐབས་སུ་བབ་པ་བོད་ཀྱི་ཟློས་གར་ཚོགས་པ་ལ་མཚོན་ན་མི་ལོ་དྲུག་ཅུའི་རིང་བོད་ཀྱི་རིག་གནས་སྒྱུ་རྩལ་སྤྱི་དང་། གཙོ་བོ་ཟློས་གར་སྒྱུ་རྩལ་གྱི་ཐོག་ལ་ལྟོས་ས་ལྟོས་འཇོག་གིས་ནུས་ཤུགས་ཆེན་པོ་ཐོན་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་། ཟློས་གར་འཁྲབ་གཞུང་རྒྱུན་འཛིན་གྱི་ཐོག་ནས་འགྲན་ཟླ་བྲལ་བའི་ནུས་པ་ཆེན་པོ་ཞིག་ཐོན་ཡོད། ད་ལྟའི་ཆར་བོད་ནང་གི་འཁྲབ་སྟོན་མང་པོ་ཞིག་གི་རྐང་ལག་གཡུགས་སྟངས་ཀྱིས་མཚོན་རྒྱ་ཡི་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ནས། མི་རིགས་ཀྱི་ངོ་བོ་མཚོན་པའི་སྒྱུ་རྩལ་འཁྲབ་སྟོན་ཞེས་མཛུབ་མོ་འཛུགས་དཀའ་བ་ཞིག་ཏུ་འགྱུར་བཞིན་ཡོད། སྤྱིར་གླུ་གཞས་འཁྲབ་སྟོན་ནི་རྐང་ལག་སོགས་གཟུགས་པོའི་རྣམ་འགྱུར་ཙམ་མ་ཡིན་པར། དེ་ལ་བརྟེན་ནས་མི་རིགས་དེའི་སེམས་ཁམས་སམ་བསམ་བློ་མཚོན་ཐུབ་ལ། བོད་པ་རང་ཉིད་ཀྱི་ནང་ནས་ཀྱང་ལུང་ཚན་སོ་སོའི་གོམས་གཤིས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་གླུ་གཞས་འཁྲབ་སྟོན་སྐབས་རྐང་ལག་གཡུགས་སྟངས་ཤུགས་ཆེ་ཆུང་ཡང་གཏན་ནས་མི་འདྲ་བ་མང་པོ་ཡོད་ཀྱང་འདིར་མི་སྤྲོ།

བོད་ཀྱི་ཟློས་གར་ཚོགས་པ་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་པོ་ཡོད་པ་དང་། བཙན་བྱོལ་ནང་གསར་འཛུགས་བྱས་ནས་ཀྱང་མི་ལོ་དྲུག་ཅུ་འཁོར་ཟིན་པ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་ཞིག་ཏུ་གྱུར་ཡོད་པས། ཕྱིའི་མཐུན་རྐྱེན་སོགས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཞིག་དང་གཅིག་མཚུངས་གཏན་ནས་མིན། བོད་ས་སྟོད་སྨད་བར་གསུམ་གྱི་རིག་གནས་སྒྱུ་རྩལ་སྤྱི་ལ་དང་འདོད་ཆེན་པོ་བྱེད་དགོས་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཐོག་ནས་གེ་སར་རིག་གནས་ལ་དོ་སྣང་དང་གདེང་འཇོག་བྱེད་བཞིན་པའི་དུས་ཚོད་འདི་ལྟ་བུ་ལ། བོད་ཀྱི་ཟློས་གར་ཚོགས་པས་ངོས་ནས་ཀྱང་དོ་སྣང་དང་འབད་བརྩོན་བྱེད་ཐུབ་པ་བྱུང་ན་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་སྨོས་མི་དགོས་པ་རེད། དེར་བརྟེན་ད་དུང་སྟོང་ཆ་སྐོང་དགོས་པ་མང་ཙམ་ཡོད་པས། ལས་དོན་འདི་དག་གི་ཆེད་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ཐོག་ནས་རྒྱ་མི་ཆུང་བ་ཞིག་དང་། ཚོགས་མི་རྣམ་པས་ཀྱང་འབད་བརྩོན་ཆེན་པོ་དགོས་པ་གལ་ཆེན་པོར་གྱུར་ཡོད།

མདོར་ན་ཟློས་གར་རིག་གནས་སྒྱུ་རྩལ་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཤུགས་རྒྱག་མ་ཐུབ་ན། མ་འོངས་པར་བོད་ནས་རྒྱ་དམར་གཞུང་གི་རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བོད་པའི་རིག་གཞུང་གི་ངོ་བོ་བསྒྱུར་དང་འགྱུར་བཞིན་ཡོད་པ་དང་། བཙན་བྱོལ་ནང་མི་འབོར་ཧ་ཅང་ཉུང་བ་དེ་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་ལ་ཁ་འཐོར་དགུ་འཐོར་དུ་འགྱུར་བཞིན་ཡོད་པས། མྱུར་སྐྱོབ་ཀྱི་ཐབས་ལམ་ཞིག་བསྟེན་མ་ཐུབ་ན། མ་འོངས་པར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་རིག་གནས་འདི་ཉིད་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་བརླག་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། དེང་དུས་ཀྱི་ན་གཞོན་མང་པོ་ཞིག་གཞས་དང་ཞབས་བྲོ་ལ་དགའ་ཞེན་སླེབས་ཐབས་དང་། དེ་ཡང་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་འབའ་ཞིག་ཙམ་མ་ཡིན་པར། བོད་ས་སྟོད་སྨད་བར་གསུམ་གྱི་གླུ་གཞས་དང་། འཁྲབ་སྟོན་གྱི་བྱེ་བྲག་མང་པོ་ཞིག་ལ་ཞིབ་འཇུག་དང་རྒྱུན་འཛིན་ཡོང་ཐབས་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུག་གི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།།

Share this:
༡༩༡ ཀློག་གྲངས།