ཤ་མདངས་ནག་པའི་རྐྱེན་གྱིས་རྒྱ་གར་བུད་མེད་ཅིག་རང་ཤི་བརྒྱབ།

ལོ་ན་༢༡ ལ་སོན་པའི་རྒྱ་གར་གྱི་བུད་མེད་ཅིག་རང་ཤི་བརྒྱབ་པ་དང་། དེའི་རྒྱུ་མཚན་ནི་མོའི་ཁྱོ་གས་རྟག་ཏུ་མོའི་ཤ་མདངས་ནག་པོ་ཡིན་པར་བརྙས་བཅོས་དང་ཁྱད་གསོད་འབའ་ཞིག་བྱས་པས་ཡིན་འདུག 

ཕྱི་ཟླ་༡༠ པའི་ཚེས་༣༠ ཉིན་བྷེ་བྷེ་སི་གསར་ཁང་ནས་གསལ་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་(Rajasthan) དུ་བུད་མེད་ཅིག་གིས་རང་མེད་བྱས་རྗེས། མོའི་ཨ་ཕས་དེའི་རྒྱུ་རྐྱེན་མོའི་ཁྱོ་གར་ཐུག་ཡོད་སྐོར་བཤད་དེ་ཉེན་རྟོག་པར་ཞུ་གཏུག་བྱས་པ་ལྟར། ཉེན་རྟོག་པས་ཀྱང་ཁ་མཆུ་དེ་དེབ་སྐྱེལ་བྱས་ཡོད་འདུག 

རང་མེད་བྱེད་མཁན་གྱི་བུད་མེད་དེའི་ཨ་ཕས་ཉེན་རྟོག་པར་མོའི་ཁྱོ་གས་“མོའི་ཤ་མདངས་ནག་པོ་ལ་རྒྱུན་ཆད་མེད་པར་བརྙས་བཅོས་དང་མཐོང་ཆུང་བྱས་”པར་བརྟེན། མོས་རང་ཤི་བརྒྱབ་པ་ཡིན་ཚུལ་བཤད་འདུག་མོད། འོན་ཀྱང་ད་ལྟའི་ཆར་ཉེན་རྟོག་པས་དངོས་སུ་ཁོང་འཛིན་བཟུང་བཀག་ཉར་བྱས་མེད་པ་དང་། གྱོད་གཞི་དེའི་ཐོག་ལ་ཁོས་སྐད་ཆ་བཤད་རྒྱུ་ཡིན་འདུག 

ཤ་རྩི་ནག་པོ་ཅན་གྱི་བུད་མེད་ལ་མཐོང་ཆུང་དང་བརྙས་བཅོས་བྱས་པར་བརྟེན་ནས་རང་མེད་བྱས་པའི་གནས་ཚུལ་ནི་ད་ཐེངས་འདི་ཐོག་མ་རེད་མི་འདུག་སྟེ། ཕྱི་ལོ་༢༠༡༤ ལོར་ལོ་ན་༢༩ ལ་སླེབས་པའི་བུད་མེད་ཅིག་གིས་ཁྱོ་གའི་མཐོང་ཆུང་དང་དམའ་འབེབས་མ་བཟོད་པར་རང་མེད་བྱས་འདུག་ལ། དེ་བཞིན་ཕྱི་ལོ་༢༠༡༨ ལོར་ལོ་༡༤ ལ་སོན་པའི་བུ་མོ་ཞིག་ལ་སློབ་གྲོགས་ཚོས་མོའི་ཤ་མདངས་ནག་པོ་ཡིན་པ་དང་མདོག་ཉེས་པའི་འཕྱ་སྨོད་བརྒྱབ་སྟབས། མོས་ཀྱང་རང་སྲོག་རང་གིས་བཅད་ཡོད་འདུག 

ཡིད་སྐྱོ་བའི་གནས་ཚུལ་འདིས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ཤ་མདངས་ཁོ་ནར་གཞི་བཞག་སྟེ་ཚད་ལས་བརྒལ་བའི་དབྱེ་འབྱེད་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་དེ་སླར་ཡང་བསྟན་ཡོད་དེ། རྒྱ་གར་གྱི་སྤྱི་ཚོགས་ནང་ཤ་མདངས་ནག་པོ་ཅན་གྱི་བུ་མོ་རྣམས་ཆུང་དུས་ནས་མཚང་མིང་སྣ་ཚོགས་འདོགས་པའི་ཐོག སློབ་གྲྭ་དང་རྩེད་ཐང་དུ་ཁོ་ཚོར་མཐོང་ཆུང་དང་བརྙས་བཅོས་བྱེད་པ་མ་ཟད། ཐ་ན་ཁྱིམ་དུ་ཡང་ནང་མི་རྣམས་ཀྱིས་ཁོ་ཚོ་དང་ཁོ་ཚོའི་ཤ་མདངས་དཀར་བའི་སྤུན་མཆེད་ཚོའི་བར་འོས་མིན་གྱི་མཚུངས་བསྡུར་བྱེད་ཀྱི་ཡོད། 

དེ་བཞིན་ཚགས་ཤོག་དང་དྲ་བའི་ཐོག་གི་བཟའ་ཟླ་འཚོལ་བའི་བརྡ་ཡིག་ནང་། རྟག་ཏུ་ཤ་མདངས་གལ་ཆེན་དུ་བརྩིས་ནས་རྗོད་སྲོལ་ཡོད་དེ། ཆུང་མ་ཡོང་ངེས་པའི་བུད་མེད་ཅིག་འགྲེལ་བཤད་རྒྱག་དུས། རྒྱུན་པར་ཤ་མདངས་དཀར་པོའམ། དཀར་འཇམ། སྨུག་པོ་ཞེས་འབྲི་བ་ལས་ནག་པོ་གཏན་ནས་ཟེར་མི་སྲིད། 

ཤ་རྩི་ནག་པོ་ངན་པ་དང་སྡུག་པོ་ཡིན་པའི་འདུ་ཤེས་འཛིན་སྟངས་དེ་ཤུགས་ཆེ་རུ་གཏོང་བྱེད་ཅིག་ནི། སྤྱི་ཚོགས་དྲ་བའི་ཐོག་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་མཛེས་ཆས་ངོམ་མཁན་(Model) རྣམས་ཡིན་ཏེ། ཁོ་ཚོའི་བཟོ་བཅོས་བཏང་བའི་འདྲ་པར་རྣམས་ཀྱིས་ཤ་རྩི་དཀར་པོ་ནི་མཛེས་པོ་དང་ཡིད་དུ་འོང་བ་ཡིན་པ་སྟོན་གྱི་ཡོད་སྟབས། ཤ་མདངས་ནག་པོ་ལྡན་པའི་བུད་མེད་མང་པོ་ཞིག་ལ་རང་ཉིད་མདོག་ངན་པ་དང་ཡིད་དུ་མི་འོང་བའི་ཚོར་སྣང་དེ་རང་བཞིན་གྱི་ཡོང་གི་ཡོད། 

རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ནང་། ཤ་མདངས་ནག་པོ་ལྡན་པའི་མི་རྣམས་ཡིད་དུ་མི་འོང་བ་དང་ཁོ་ཚོ་སྐྱིད་པོ་མེད་པའི་བརྡ་ཁྱབ་སྤེལ་མི་ཆོག་པ་བཟོས་ཡོད་སྟབས། དེང་སྐབས་བརྡ་ཁྱབ་རྣམས་དེ་ཙམ་ཁ་གསལ་མེད་ན་ཡང་། དེ་དག་གི་ནང་དོན་སྙིང་པོ་ནི་སྔར་བཞིན་ཇི་ཙམ་དཀར་ན་དེ་ཙམ་ཡག་པ་དེ་ཡིན།

འདས་པའི་ལོ་འགའ་ཤས་ནང་། རྒྱ་གར་དུ་ཤ་མདངས་ནག་པོར་མཐོང་ཆུང་བྱེད་མི་ཉན་པ་དང་། ཤ་མདངས་ནག་པོར་མཛེས་སྡུག་ལྡན་ཚུལ་གྱི་ལས་འགུལ་འགའ་ཤས་སྤེལ་ཡོད་མོད། འོན་ཀྱང་གནད་དོན་ཁྱབ་གདལ་གཏོང་བར་ད་དུང་བྱེད་རྒྱུ་མང་པོ་ཞིག་ལྷག་ཡོད་པ་ནི་གོང་གི་དོན་རྐྱེན་དེས་གསལ་པོར་སྟོན་གྱི་ཡོད། དབྱེ་འབྱེད་ཀྱི་ལྟ་ཚུལ་འདི་འགྱུར་ལྡོག་མ་ཕྱིན་བར། འདིས་མུ་མཐུད་རྩ་ཆེན་གྱི་མི་ཚེ་མང་པོ་ཞིག་རྩ་མེད་བཟོ་ངེས་རེད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༥༤༤ ཀློག་གྲངས།