རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྟོན་པ་ཡེ་ཤུ། 

རྒྱ་ནག་དམར་ཤོག་ཚོགས་པས་ཡོད་ཚད་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་ནས་གདུག་རྩུབ་ཆེན་པོས་སྲིད་དབང་སྒེར་འཛིན་དང་རྒྱུན་གནས་ཡོང་རྒྱུར་འབད་བརྩོན་ཁྲོད། ཐ་ན་ཡེ་ཤུའི་གསུང་རབ་(The Bibble) ཁྲོད་ཀྱི་མི་སྣ་དག་ཀྱང་རྒྱ་མིའི་ཁྱད་ཆོས་ལྡན་པར་སྒྱུར་བཞིན་ཡོད་འདུག 

ཕྱི་ཟླ་༡༡ ཚེས་༣ ཉིན་ Bitter Winter དྲ་ཚིགས་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་ཟླ་རེའི་དུས་དེབ་ཅིག་གི་ནང་། ཡེ་ཤུའི་གསུང་རབ་ཁྲོད་ཀྱི་གཏམ་རྒྱུད་རྣམས་རྒྱ་མིའི་ཁྱད་ཆོས་ལྡན་པར་བསྒྱུར་ནས་སྟོན་པ་ཡེ་ཤུས་རྒྱ་ནག་གི་གནའ་བོའི་ཆས་གོས་གྱོན་པ་དང་། ཁོང་གི་ཡུམ་ཆེན་མཱ་རི་(Mary) རྒྱ་ནག་གི་གནའ་བོའི་བུད་མེད་ཅིག་ཡིན་པའི་འདྲ་རིས་འདོན་བཞིན་ཡོད་འདུག 

དེ་ཡང་ཟླ་རེའི་དུས་དེབ་དེའི་མིང་ལ་རྒྱ་ཡིག་ནང་ཐའེ་ཧྥུང་(མཁའ་ཡི་རླུང་བུ)ཟེར་ཞིང་། རྒྱ་ནག་གི་ཡེ་ཤུའི་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ནས་པར་སྐྲུན་འགྲེམ་སྤེལ་བྱེད་ཀྱི་ཡོད་འདུག དེ་ནི་རྒྱ་ནག་གི་གཞུང་འབྲེལ་ཡེ་ཤུའི་ཆོས་ལུགས་སྤེལ་སའི་སྡིངས་ཆ་གཙོ་བོ་ཞིག་ཡིན་འདུག 

རྩོམ་སྒྲིག་ཁང་དེས་འདི་ལོའི་ཕྱི་ཟླ་དང་པོ་ནས་བཟུང་སྟེ་དུས་དེབ་རེ་རེའི་མདུན་ཤོག་ངོས་སུ་ཡེ་ཤུའི་གསུང་རབ་ཁྲོད་ཀྱི་མཛད་པ་རེ་རེའི་བརྙན་རིས་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་ནས་བཀོད་ཡོད་འདུག་སྟེ། དཔེར་ན། སྟོན་པ་ཡེ་ཤུས་རྒྱ་ནག་གི་སྲོལ་རྒྱུན་གྱི་ཆས་གོས་མནབས་པ་དང་། ཡུམ་ཆེན་མཱ་རི་(Mary)ནི་གནའ་བོའི་རྒྱ་ནག་གི་བུད་མེད་ཅིག་ཡིན་པ། སྟོན་པ་ཡེ་ཤུས་རྫུ་འཕྲུལ་བསྟན་ནས་ཉ་དང་བག་ལེབ་སྦྱིན་ཡུལ་གྱི་སློང་མོ་བ་རྣམས་སྐྲ་ལོ་ལྟགས་རྒྱབ་ཏུ་བསྡམས་པའི་གནའ་བོའི་རྒྱ་མི་ཡིན་པ་སོགས་ཀྱི་འདྲ་རིས་བཀོད་ཡོད་འདུག དེ་ཡིས་མ་ཚད། ཕྱི་ཟླ་བཅུ་པའི་དུས་དེབ་ཀྱི་མདུན་ཤོག་ངོས་སུ་རྒྱ་ནག་གི་དར་ཆ་དང་། རྒྱ་ནག་དམར་ཤོག་རྒྱལ་ཁབ་འགོ་ཚུགས་ནས་ལོ་༧༠ ཕྱིན་པའི་རྟེན་འབྲེལ་ཤིས་ཚིག་བཀོད་པས། དེ་ནི་རྒྱ་ནག་གི་ལྟ་བ་དང་རྫུན་བསྒྲགས་སྤེལ་སའི་དུས་དེབ་ཅིག་ཡིན་པ་ལས་ཡེ་ཤུའི་ཆོས་ལུགས་ཀྱི་དུས་དེབ་ཅིག་མིན་པ་གསལ་པོར་གྱུར་ཡོད་འདུག 

དུས་དེབ་དེའི་ཐོག་ཏུ་བཀོད་པའི་འདྲ་རིས་རྣམས་ཀྱི་ཐད་ལ། ལོ་ན་༧༠ སོན་པའི་མཚོ་སྔོན་ཞིང་ཆེན་གྱི་ཡེ་ཤུ་བ་ཞིག་གིས་བརྗོད་དོན། “རྒྱ་ནག་དམར་ཤོག་ཚོགས་པས་རྟག་ཏུ་ནུབ་ཕྱོགས་ཀྱི་ལམ་ལུགས་མེད་པ་བཟོ་དགོས་ཟེར་གྱི་ཡོད་ལ། རྒྱ་ནག་མི་མང་རྣམས་ཕྱི་རྒྱལ་བའི་ལྷ་ལ་དད་པ་བྱེད་དུ་འཇུག་གི་མེད། ཡིན་ན་ཡང་། ངའི་སེམས་ལ་གཏན་ནས་འཁོར་མྱོང་མེད་པ་ནི། སྟོན་པ་ཡེ་ཤུ་དང་ཡེ་ཤུའི་སྐྱེས་ཆེན་རིམ་བྱོན་རྣམས་རྒྱ་རིགས་སུ་འགྱུར་བ་དེ་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་དངོས་གནས་སྨྱོན་པ་ཆགས་འདུག”

ད་ལྟ་རྒྱ་ནག་གི་ཡེ་ཤུ་བ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་སྲོལ་རྒྱུན་གྱི་རིག་གཞུང་བེད་སྤྱད་དེ་ཡེ་ཤུའི་གསུང་རབ་མེད་པ་བཟོ་བ་དང་། ཡེ་ཤུའི་བསྟན་པར་ལོག་འགྲེལ་རྒྱག་པའི་སེམས་ཁྲལ་བྱེད་ཀྱི་ཡོད་དེ། རྒྱ་ནག་གཞུང་གིས་རྒྱ་ནག་གི་གནའ་བོའི་བསྟན་བཅོས་དང་ཡེ་ཤུའི་གསུང་རབ་བསྡུར་ནས་གཅིག་མཚུངས་ཀྱི་ཆ་ཡོད་ཚུལ་བརྗོད་ཀྱི་ཡོད་འདུག 

གཞན་ཡང་། རྒྱ་ནག་གཞུང་གིས་ཡེ་ཤུའི་གསུང་རབ་སྔ་མོ་ནས་དཔེ་ཚོང་ཁང་དུ་འཚོང་མི་ཆོག་པ་བཟོས་པའི་ཐོག ན་ནིང་ཕྱི་ཟླ་༣ ནས་དྲ་ཐོག་ནས་ཀྱང་ཉོ་ཚོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་མ་ཟད། ཡེ་ཤུའི་གསུང་རབ་བསྐྱར་དུ་བཅོས་ནས་ཁུང་ཙི་དང་ཏའོ་ཅོ་ཆོས་ལུགས་ཀྱི་སྡེ་ཚན་རྣམས་བཙན་གྱིས་ནང་འཇུག་བྱེད་ཀྱི་ཡོད་འདུག་པས། རིག་གནས་གསར་བརྗེའི་དཀའ་སྡུག་མྱངས་མྱོང་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཞིག་གིས་སེམས་འཚབ་ཆེན་པོས་ “འདི་ནི་མངོན་མེད་ཀྱི་གྲི་བརྒྱབས་ནས་མི་ཞིག་གསོད་པ་དང་གཅིག་པ་རེད། རིག་གནས་གསར་བརྗེའི་སྐབས། གལ་སྲིད་ཁྱོད་ཀྱིས་སྟོན་པ་ཡེ་ཤུར་དད་པ་བྱས་པ་ཡིན་ན། དམར་ཤོག་ཚོགས་པས་ཁྱོད་འཛིན་བཟུང་བྱས་ཏེ་ཐང་སྟོང་དུ་གསོད་ཀྱི་རེད། ད་ལྟ་སྲིད་གཞུང་གིས་གསང་བའི་ངང་ཡེ་ཤུའི་ཆོས་ལུགས་རིམ་གྱིས་སྒྱུར་བཅོས་གཏོང་བཞིན་ཡོད”ཅེས་སྨྲས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༣༩༤ ཀློག་གྲངས།