རྒྱ་ནག་གི་གྲོང་གསེབ་ས་ཁུལ་དུ་ཕྱིར་དབུལ་ཕོངས་ཀྱི་གནས་སུ་ལྷུང་བཞིན་པ།

ཨ་རྒྱའི་ཚོང་དམག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་ཇེ་ཆེར་འགྲོ་བཞིན་པའི་ཧེ་བག། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྒྱ་ནག་གི་གྲོང་གསེབ་ས་ཁུལ་དག་སླར་ཡང་དབུལ་ཕོངས་ཀྱི་གནས་སུ་ལྷུང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག 

ཟླ་འདིའི་ཚེས་༣ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཞིང་ལས་ཐོན་སྐྱེད་ལས་ཁུངས་དང་འབྲེལ་བའི་ཞིབ་འཇུག་ཁང་ཞིག་གིས་བསྡུ་སྒྲིག་བྱས་ནས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གི་གྲོང་གསེབ་ས་ཁུལ་དག་གི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས་ཕྱིར་དབུལ་ཕོངས་ཀྱི་གནས་སུ་ལྷུང་བཞིན་ཡོད་ཚུལ་འཁོད་ཡོད་འདུག 

སྙན་ཐོ་དེའི་ནང་ད་རུང་གྲོང་གསེབ་ཀྱི་ཡོང་སྒོ་དེ་ཕྱི་ལོ་༢༠༡༤ ནས་བཟུང་སྟེ་ཉམས་རྒུད་དུ་ཕྱིན་དང་འགྲོ་མུས་སུ་ཡོད་པ་མ་ཟད། ལྷག་པར་དུ་འདི་ལོའི་ལོ་ཕྱེད་སྔོན་མའི་ནང་གྲོང་གསེབ་ཀྱི་ཡོང་སྒོ་དེ་བརྒྱ་ཆ་༢༠ ཙམ་མར་ཆག་ཡོད་འདུག  

རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་༤༠ ལྷག་ཙམ་གྲོང་གསེབ་པ་ཡོད་པས། རྒྱ་ནག་གི་ཉམས་རྒུད་དུ་འགྲོ་བཞིན་པའི་དཔལ་འབྱོར་གུན་གསབ་ཡོང་བ་ལ། གྲོང་གསེབ་ཞིང་ལས་ཐོན་སྐྱེད་ཀྱི་དཔལ་འབྱོར་ཧ་ཅང་གལ་གནད་ཆགས་ཡོད། ཡིན་ན་ཡང་། དེང་སྐབས་རྒྱ་ནག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་བསྐྱར་བཅོས་བྱས་ནས་ཞིང་ལས་ཐོན་སྐྱེད་ལ་ནུས་ཤུགས་འདོན་རྒྱུར་བར་ཆད་བཟོ་བཞིན་ཡོད་འདུག  

དེ་བཞིན་ཞིང་ལས་ཡོང་བབ་གོང་མཐོར་འགྲོ་བར་འཕྲད་བཞིན་པའི་འགོག་རྐྱེན་གཙོ་བོ་གཅིག་ནི། རྒྱ་ནག་གི་ཞིང་པ་ཚོ་ལ་སོ་སོའི་ཞིང་ཁའི་བདག་དབང་མེད་པ་དེ་ཡིན། རྒྱ་ནག་ཏུ་ས་ཞིང་ཡོངས་རྫོགས་གཞུང་ལ་བདག་ཅིང་། ས་ཞིང་རྣམས་ཞིང་པ་ཚོར་ལོ་ངོ་༣༠  རིང་བོགས་མར་བཏང་ནས་བེད་སྤྱོད་བྱེད་པའི་ཐོབ་ཐང་བྱིན་པ་ཙམ་ཡིན་འདུག 

མཁས་པ་དང་དཔལ་འབྱོར་རིག་པ་སྨྲ་བ་མང་པོ་ཞིག་གིས་རྒྱ་ནག་གི་གྲོང་གསེབ་ས་ཁུལ་དག་གི་དཀའ་ངལ་གྱི་འབྱུང་རྩ་ནི་གཞུང་གི་ས་ཞིང་སྲིད་བྱུས་ལ་ཐུག་ཡོད་ཚུལ་བརྗོད་ཀྱི་ཡོད། ཕྱི་ལོ་༡༩༥༠ ང་གྲངས་ནས་རྒྱ་ནག་དམར་ཤོག་ཚོགས་པས་ས་ཞིང་རྣམས་ཕྱུག་བདག་གི་ལག་ནས་ཕྲོགས་ཏེ་ཞིང་པ་རྣམས་ལ་བགོ་འགྲེམས་བྱས་རྗེས། འཕྲལ་དུ་ས་ཞིང་གི་བདག་དབང་དེ་སྲིད་གཞུང་ལ་ཡོད་པ་བཟོས་ནས་ད་བར་དེ་ལྟར་གནས་མུས་སུ་ཡོད། 

ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་དར་རྒྱས་འགྲོ་བའི་རྩ་བ་དང་། རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ནི་ས་ཞིང་བཅོས་བསྒྱུར་གྱི་སྲིད་བྱུས་དེ་ཡིན་སྟབས། དེ་བསྐྱར་དུ་བཅོས་ནས་ས་ཞིང་གི་བདག་དབང་སྒེར་ལ་ཡོད་པ་བཟོ་མི་སྲིད་ཚུལ་བཤད་ཀྱི་ཡོད་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༤༤༠ ཀློག་གྲངས།