ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ནས་བོད་མི་ཞིག་འཇུ་བཟུང་།

འདི་ལོའི་ཟླ་བཅུ་པའི་ནང་དུ་ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་རྟ་ཆེན་ཡུལ་ཚོ། གེ་སོ་ཚ་ལྷིས་གྲོང་ཚོ་ནས་ཡིན་པ་ལྷ་དར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ད་ལྟའི་ཆར་གར་ཡོད་གནས་སྟངས་ཤེས་ཀྱི་མེད་པའི་གནས་ཚུལ་འདུག

ཟླ་འདིའི་༧ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ལྷ་དར་འཛིན་བཟུང་བྱེད་དོན་རྒྱ་ནག་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་བྱས་ཡོད་པར་ཡུལ་མི་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཁོང་རྒྱུན་དུ་རྒྱ་གཞུང་གིས་རང་ཡུལ་ལུང་པར་ཆབ་སྲིད་སློབ་གསོ་དང་བོད་མིའི་འགྲོ་སྐྱོད་ཐོག་ལ་སུན་གཙེར་བཟོས་པ་སོགས་ལ་མཐའ་གཅིག་ཏུ་མི་དགའ་བའི་རྣམ་འགྱུར་དང་། བོད་གཞིས་བྱེས་གཉིས་ཀྱི་མཉམ་མཛོམས་དང་༧རྒྱལ་བ་རིན་པོ་ཆེའི་གསེར་གཞལ་མཇལ་རྒྱུའི་རེ་བ་དང་དད་པ་ཡིད་ཆེས་འཛེམས་ཟོན་མེད་པར་ལང་ཕྱོགས་མངོན་གསལ་དོད་པོ་འཛིན་མཁན་ཞིག་ཡིན་པ་སོགས་ལ་རྟེན་ནས་རྒྱུན་དུ་སྲིད་གཞུང་མི་སྣས་དམིགས་བཀར་གྱིས་རྗེས་འདེད་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

༢༠༡༣ ལོར་ཤག་རོང་པོ་དགོན་པར་རྒྱ་ནག་གཞུང་གི་དམ་དྲག་འོག་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱག་སྐབས་སྲིད་གཞུང་གི་མི་སྣ་དང་རྩོད་གླེང་བྱུང་བའི་ཡུལ་མི་མང་དག་ཅིག་དང་མཉམ་དུ་བཀག་ཉར་དང་རྡུང་རྡེག་བྱས་རྗེས། གློད་གྲོལ་བཏང་ནའང་དེ་ནས་བཟུང་ཡར་མར་འགྲོ་སྐྱོད་ལ་དཀའ་ངལ་བཟོ་བཞིན་ཡོད་པའི་ནང་གི་མི་སྣ་གཅིག་ཡིན་འདུག ལྷག་པར་དུ་ཉེ་སྔོན་ཕྱི་ཟླ་དགུ་བའི་ནང་སྲིད་གཞུང་ནས་ཁ་པར་བཏང་ནས་གང་སར་འགྲོ་སྐྱོད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག

དེ་ནས་ཉིན་གྲངས་འགའ་ཤས་སོང་མཚམས་འཛིན་བཟུང་བྱས་ནས་ད་ལྟ་གར་ཡོད་མེད་པར་གྱུར་ཡོད་པ་མ་ཟད། ཉེ་སྔོན་ཕྱི་ཟླ་༡༠ ཚེས་༢༠ ཉིན་ཁུལ་དེར་བོད་མི་དྲུག་འཇུ་བཟུང་བྱས་པ་ནས་བཟུང་ད་ལྟའི་ཆར་ཧ་ཅང་གི་དམ་དྲག་ཆེན་པོའི་ངང་གནས་ཡོད་འདུག

ལྷ་དར་ནི་ད་ལྟ་རང་ལོ་སུམ་བཅུ་སོ་དྲུག་ཙམ་དང་ཕ་མ་གཉིས་ཀ་འཚོ་བཞུགས་ཡིན་པ་རེད་འདུག།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༡༤ ཀློག་གྲངས།