ཁྲིམས་ཐོག་ནས་ནག་ཉེས་ཀྱི་ངོ་བོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༦  ཕྱི་ལོ་ ༢༠༡༩/༡༡ /༦  

ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁ་མཆུ་ཨང་ཉི་ཤུ་པ་དང་འབྲེལ་བའི་ཐོག་ནས་ཚོར་བ་འདྲ་མིན་སྣ་ཚོགས་སྟོན་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་དྲ་ལམ་ཁོ་ནར་གཡེངས་ནས་སྡོད་མཁན་གྱི་བོད་མི་མང་པོ་ཞིག་གི་ཚོར་བ་ནི། ར་བཟི་བའམ། རིག་པ་སོ་ན་མི་གནས་པ་ལྟ་བུའི་ཚོད་དུ་སླེབས་ཡོད། ད་དུང་གནད་དོན་དེའི་ཐོག་ནས་མི་ཁག་ཅིག་གིས་ཆེད་གཉེར་དཀྲུག་ཤིང་རྒྱག་རྒྱུའི་གོ་སྐབས་འཚོལ་བཞིན་ཡོད་པ་དང་། ངོ་དེབ་ནང་མི་གཅིག་གིས་མིང་དུ་མ་ཞིག་དེབ་འགོད་བྱས་ནས་དེ་དག་གིས་ཕན་ཚུན་ཁ་གཏད་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དཀྲོག་གཏམ་སྤེལ་བཞིན་ཡོད་པའང་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། རྩ་བས་བོད་མི་ཕལ་མོ་ཆེ་རྩོད་རྙོག་མང་པོ་ཞིག་གི་ཐོག་ནས་བརྟན་ལྷིང་དུ་གནས་ཡོད་ཀྱང་། བོད་མི་བརྒྱ་ཕྲག་ཁ་ཤས་ཤིག་གིས་ངོ་དེབ་དང་། སྐད་འཕྲིན་གྱི་འཇིག་རྟེན་གསར་པ་ཞིག་ཏུ་ཚོར་ནས་དེ་ལ་མགོ་འཐོམས་ཏེ་སྤྱི་ཚོགས་ཀྱི་ཡོད་ཚད་དེ་དག་གི་ནང་དུ་ཚུད་ཡོད་སྣང་འཆར་བཞིན་ཡོད་པ་རེད། 

སྤྱི་ཚོགས་དྲ་ལམ་ཁག་བེད་སྤྱོད་གཏོང་མཁན་ནང་ཆེད་དུ་དམིགས་ཡུལ་ཆེན་པོ་བཟུང་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་དཀྲོག་གཏམ་སྤེལ་མཁན་གྱི་རིགས་གཅིག་ཡོད་པ་དང་། ཁག་ཅིག་གིས་དཀྲོག་གཏམ་དེ་དག་ལ་མི་འདོད་པའི་བསམ་བློའི་ཐོག་ནས་དཀྲོག་གཏམ་དེ་དག་སྤྱི་ཚོགས་ནང་སྤེལ་ན་དཀྲོག་གཏམ་བཤད་མཁན་དེ་ནག་པོ་ཆགས་རྒྱུ་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ལ། དཀྲོག་གཏམ་དེའི་ནང་དོན་ལ་རྒྱབ་སྐྱོར་བྱེད་མཁན་དག་གིས་དཀྲོག་གཏམ་དེ་ཆེད་དུ་བརྒྱུད་སྤེལ་བྱེད་མཁན་ཡང་མང་པོ་ཡོད། མང་པོ་ཞིག་གིས་དྲང་ལྡོག་གི་བསམ་བློ་དམིགས་བསལ་བ་གང་ཡང་མེད་ཀྱང་མཚར་སྣང་ལྟ་བུའི་ཐོག་ནས་སྤྱི་ཚོགས་ནང་དཀྲོག་གཏམ་དེ་བརྒྱུད་སྤེལ་བྱེད་བཞིན་ཡོད་པས། དཀྲོག་གཏམ་དེ་ལ་མི་དགའ་མཁན་དང་། དཀྲོག་གཏམ་དེ་ལ་རྒྱབ་སྐྱོར་བྱེད་མཁན། རྒྱབ་སྐྱོར་དང་དགག་བྱ་གང་ཡང་མིན་ཡང་། དཀྲོག་གཏམ་སྤྱི་ཚོགས་ནང་བརྒྱུད་སྤེལ་བྱས་པ་ཙམ་གྱིས་དཀྲོག་གཏམ་བཤད་མཁན་ལ་དགོས་པ་ཞིག་དང་རྒྱབ་སྐྱོར་ཉག་གཅིག་ཏུ་འགྱུར་བཞིན་ཡོད་པའང་རང་བཞིན་ལྟ་བུར་གྱུར་ཡོད།

དེ་བཞིན་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ཐོག་ནས་ཕམ་ཁ་རག་ཡོད་ན་ཁྲིམས་ཁང་ནས་ནག་ཉེས་ཕོག་ཡོད་པ་ཞིག་ཏུ་ངོས་འཛིན་དགོས་ཞེས་མགོ་ཚོས་མཁན་ཚོའི་ནང་ནས་ཆེད་དུ་བརྗོད་མཁན་དང་། མགོ་མི་ཚོས་མཁན་ཚོའི་ནང་དུ་གཡམ་རྒྱུག་བྱེད་པ་སོགས་མང་པོ་ཞིག་སྔོན་ནས་ད་བར་བྱུང་ཡོད། དོན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ཁྲིམས་ཞིབ་ཁང་ཞེས་བཏགས་པ་ལས་ཁྲིམས་ཁང་ཞེས་བཏགས་མེད་པ་དང་། ཁྲིམས་ཞིབ་པ་ཞེས་པ་ལས་ཁྲིམས་དཔོན་ཞེས་པའི་མིང་མ་བཏགས་པ་འདི་ལ་རྒྱུ་མཚན་ཆེན་པོར་མཐོང་ནས་གཏན་འབེབས་བྱས་པ་ཞིག་ལས། ཁྲིམས་ཞིབ་ཁང་དང་ཁྲིམས་ཁང་གཉིས་དོན་གཅིག་ཡིན་པ་དང་། ཁྲིམས་ཞིབ་པ་དང་ཁྲིམས་དཔོན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཙམ་གྱི་ཐོག་ནས་བཏགས་པ་ཞིག་མིན་པ་རྒྱབ་ལྗོངས་དངོས་དང་། སྐབས་དེར་བཅའ་ཁྲིམས་གཏན་འབེབས་བྱེད་མཁན་དག་གི་འགྲེལ་བཤད་ལས་གསལ་པོ་རྟོགས་ཐུབ་པ་ཞིག་རེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་གསལ་པོ་མི་ཆགས་པའི་གནས་སྟངས་ཤིག་ཡོད་དགོས་དོན་གཏན་ནས་མེད། 

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཅེས་པའི་ནང་གསེས་གཉིས་པ། “བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་”ཅེས་ཁ་གསལ་བཀོད་ཡོད་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ངོས་བཞེས་གནང་ཟིན་པ་ཞིག་ཡིན་ན་ནག་ཉེས་མིན་པས་ཁྱབ་པ་དང་། གལ་སྲིད་ནག་ཉེས་ཡིན་པའི་དབང་དུ་བཏང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དང་འགལ་བའི་ཁ་མཆུ་ངོས་བཞེས་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འོས་འདེམས་བྱེད་དགོས་པ་ཕལ་ཆེ་བའི་འོས་ཆོས་ནང་། “ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།”ཞེས་གསལ་བ་དེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཀྱི་ཐག་གཅོད་བྱས་པ་ཞིག་ཏུ་གཏན་ནས་མི་གོ་བ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་ཐོག་ནས་ཁ་གསལ་བཟོས་ཟིན།

མདོར་ན་ད་དུང་རྩོད་རྙོག་འདི་ཉིད་ཆུང་དུ་གཏན་ནས་སོང་མེད་པ་མ་ཟད། ཕྱོགས་ཡོངས་ནས་འབར་རྫས་ཆེན་པོ་ཞིག་གས་འཐོར་འགྲོ་ལ་ཉེ་བ་ལྟ་བུ་ཞིག་ཏུ་གྱུར་འདུག བཀའ་ཤག་གི་བཅད་ཁྲ་དང་འབྲེལ་བའི་གསལ་བཤད་དེ་ཁ་གསལ་པོ་མེད་པ་དང་། ཁྲིམས་ཞིབ་ཁང་གི་ཐག་གཅོད་དེའི་རྒྱབ་ལྗོངས་ནི་དེ་བས་ཀྱང་ཚོད་དཔག་གཏན་ནས་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པས། གནད་དོན་འདི་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཆི་གསོན་གྱི་འགག་འཕྲང་ཞིག་ཏུ་སླེབས་ཡོད་པ་ལྟ་བུའི་ཚོར་སྣང་ཡང་རང་ཤུགས་ཀྱིས་ཡོང་གི་འདུག་པས། གནད་དོན་འདི་དག་གི་ཐོག་ནས་སྤྱི་ཚོགས་ཀྱི་འགན་ཡོད་མཁན་ཚང་མས་བསམ་བློ་ཡག་པོ་ཞིག་གཏོང་མ་ཐུབ་པར། འདོད་ཕྱོགས་ཁོ་ན་གཞི་རྩར་བཟུང་ནས་ཐག་གཅོད་དང་། དེའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ན། མ་འོངས་པར་ལོ་རྒྱུས་ཀྱི་ནོར་འཁྲུལ་བྱེད་མཁན་ང་མིན་ཁོ་རེད་ཅེས་མཛུབ་མོ་འཛུགས་ས་ཞིག་འཚོལ་ཐབས་ཁོ་ན་ལས་ཆབ་སྲིད་དང་འཐབ་རྩོད་སྤྱི་ཚོགས་བཅས་ལ་གྱོང་གུད་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད།།

Share this:
༡༠༨༠ ཀློག་གྲངས།