ཧོང་ཀོང་ནང་ད་བར་ལས་འགུལ་བ་༣༠༠༠ ལས་མང་བ་འཛིན་བཟུང་བྱས་ཡོད་འདུག

ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལམ་གྱིས། ད་བར་ཧོང་ཀོང་གི་མང་གཙོའི་ལས་འགུལ་ནང་མི་གྲངས་༣༠༠༠ ལས་མང་བ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་གསུམ་ཆ་གཅིག་ལས་མང་བ་སློབ་མ་ཤ་སྟག་ཡིན་པས་བློ་ཕམ་ཆེན་པོ་ཡོད་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་གི་སྲིད་བློན་གཞོན་པས་ཧོང་ཀོང་གཞུང་དང་གྲོས་ཚོགས། ཁྲིམས་ཞིབ་ཁང་བཅས་ཀྱིས་ཧོང་ཀོང་ནང་བརྟན་བརླིང་བཟོ་རྒྱུའི་འོས་འགན་ཡོད་ཚུལ་བརྗོད་ཡོད་པས། མང་གཙོའི་སྒྲོམ་གཞིའི་སྡེ་ཚན་གལ་ཆེན་གསུམ་པོའི་དབང་ཚད་དང་ལས་འགན་དབྱེ་མེད་དང་རྩིས་མེད་བཏང་བར་སྐྱོན་བརྗོད་བྱེད་མཁན་བྱུང་འདུག

ཟླ་༡༡ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༦ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁེ་རི་ལམ་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཀྲེང་གཉིས་པེ་ཅིང་དུ་ཐུག་འཕྲད་བྱས་འདུག སྐབས་དེར་ཁོང་གིས་འདས་པའི་ཟླ་བ་༥ ལྷག་ནང་ངོ་རྒོལ་ལས་འགུལ་ལ་བརྟེན་ནས་ཧོང་ཀོང་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་གནོད་སྐྱོན་དང་། ཁྲིམས་ཀྱི་དབང་སྒྱུར་ལ་རྡོག་རོལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྨང་གཞི་ལ་ཁ་གཏད་བཅག་པ་སོགས་བྱས་ཡོད་པས། དེ་འདྲ་བའི་གཏོར་རྒོལ་ཆེ་བའི་དྲག་པོའི་སྤྱོད་པ་རྣམས། འཛམ་གླིང་ཡུལ་གྲུ་གང་སར་བཟོད་སྲན་བྱེད་ཐབས་བྲལ་བ་ཡིན་པ། དྲག་སྤྱོད་པ་དང་ཁ་བྲལ་བའི་བྱ་སྤྱོད་དེ་དག་གིས་ཁྲིམས་དང་བཟང་སྤྱོད་ཀྱི་རྩ་བ་ལས་བརྒལ་ཡོད་སྐོར་བརྗོད་ནས། ཧོང་ཀོང་གི་སྤྱི་ཁྱབ་དཔོན་གྱིས་ལས་ཀ་ཁག་པོ་ཞིག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་མོ་ལ་གདེང་འཇོག་མཐོན་པོ་བྱེད་ཀྱི་ཡོད་པའི་ཐོག ཧོང་ཀོང་གཞུང་དང་ཉེན་རྟོག་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དེ་བཞིན་ཧོང་ཀོང་གཞུང་དང་གྲོས་ཚོགས། ཁྲིམས་ཞིབ་བཅས་ཀྱིས་ཧོང་ཀོང་ནང་བརྟན་བརླིང་བསྐྱར་གསོ་དང་དྲག་སྤྱོད་མེད་པ་བཟོ་རྒྱུའི་འོས་འགན་ཡོད་སྐོར་བརྗོད་འདུག

སྐབས་དེར་ལྕམ་ཁེ་རི་ལམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་གཞོན་པ་ཧན་གཉིས་ཀྱིས། མོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པས། ཧོང་ཀོང་ནང་བརྟན་བརླིང་བསྐྱར་གསོ་བྱེད་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ། ད་བར་ཧོང་ཀོང་ནང་ལས་འགུལ་བ་༣༠༠༠ ལས་མང་བ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་གསུམ་ཆ་གཅིག་ལས་མང་བ་ནི་སློབ་མ་ཤ་སྟག་ཡིན་པས་བློ་ཕམ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཁོང་གཉིས་ཀྱི་ཐུག་འཕྲད་སྐབས་སུ་རྒྱ་ནག་གི་སྲིད་བློན་གཞོན་པའི་སྐད་ཆ་དང་འབྲེལ་ནས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་དང་གྲོས་ཚོགས་འཐུས་མི་ལྕམ་ཏན་ཡ་ཆན་གྱིས། ཧོང་ཀོང་ནང་དབང་ཚད་དབྱེ་མཚམས་བཅད་ཡོད་པ་དང་། དེ་ནི་རིན་ཐང་གི་ལྟ་བ་གལ་ཆེ་ཤོས་ཤིག་ཡིན་པ། དེ་ཡང་དེ་གར་ཁྲིམས་ཀྱི་དབང་སྒྱུར་ཡོད་པ་ལས་མིའི་དབང་སྒྱུར་མེད་པས། རང་དབང་ཅན་གྱི་ཁྲིམས་ཞིབ་ཁང་ཡོད་པ་དང་། གྲོས་ཚོགས་ནི་གཞུང་གི་ཆ་ཤས་མིན་ཁར། གྲོས་ཚོགས་ཀྱིས་གཞུང་ལ་རམ་འདེམས་བྱེད་དགོས་པ་གང་ཡང་མེད་པའི་ཐོག དེ་ལས་ལྡོག་ཏེ་གྲོས་ཚོགས་ཀྱིས་གཞུང་གི་ལས་དོན་ལ་བྱ་ར་བྱེད་དགོས་པ་ཡིན་སྐོར་དང་། དེ་བཞིན་ཧོང་ཀོང་གི་ཁྲིམས་ཞིབ་ཁང་གིས་དངོས་ཡོད་གནས་ཚུལ་དང་ཁྲིམས་ལུགས་ལ་གཞི་བཅོལ་ནས་ཁྲིམས་ཐག་གཅོད་བྱེད་ཀྱི་ཡོད་པ་ལས། རྒྱ་ནག་དབུས་གཞུང་གི་བཀའ་དང་བསྟུན་ནས་ཁྲིམས་ཐག་གཅོད་མི་དགོས་པ་ཡིན་པ། གལ་ཏེ་རྒྱ་ནག་དབུས་གཞུང་གིས་ད་དུང་ཡང་ཧོང་ཀོང་མི་མང་གིས་ཧོང་ཀོང་འཛིན་སྐྱོང་བྱེད་པ། ཚད་མཐོའི་རང་སྐྱོང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བཅས་ལ་གུས་བརྩི་བྱེད་ཀྱི་ཡོད་ཚེ། སྲིད་བློན་གཞོན་པས་མ་འོངས་པར་གཏམ་བཤད་བྱེད་སྐབས་གཟབ་གཟབ་བྱེད་པའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག

ཧོང་ཀོང་ནང་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ནས་ངོ་རྒོལ་ལས་འགུལ་རྣམ་པ་སྣ་མང་ཐོག་ནས་སྤེལ་གྱི་ཡོད་པ་ལྟར། ཟླ་༡༡ པའི་ཚེས་༧ ཉིན་ཧོང་ཀོང་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ཏུ། སློབ་ཐོན་ཉིན་མོར་སློབ་མ་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༥༠ ཀློག་གྲངས།