༧གོང་ས་མཆོག་གིས་རྒྱ་གར་གྱི་ཁེ་ལས་མི་སྣར་བཀའ་སློབ་གནང་།

ཟླ་འདིའི་ཚེས་༧ ཉིན་དྷ་སའི་རྒྱལ་བའི་ཕོ་བྲང་དུ་རྒྱ་གར་མ་ཧཱ་རཱཤྐྲ་མངའ་སྡེའི་གྲོང་ཁྱེར་ཨེ་ཧམྡ་བྷཱད་ནང་རྒྱ་གར་རྒྱལ་ཡོངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་(Indian Institute of Management, Ahmedabad) ནས་༡༩༧༩ ལོར་སློབ་ཐོན་བྱུང་བའི་མི་སྣ་ཁག་ཅིག་དང་། ཛུ་ཀར་བྷར་གྷི་ཚོགས་པའི་(zuckerberg Institute) ཁེ་ལས་མི་སྣ་བཅས་ལ་༸གོང་ས་མཆོག་གིས་རིས་མེད་བཟང་སྤྱོད་དགོས་གལ་སྐོར་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་འབྲེལ་བའི་ཐོག་བཀའ་སློབ་གནང་སྐབས། “ད་ལྟ་དུས་རབས་༢༡ ནང་སླེབ་པ་དང་། འཛམ་གླིང་འདི་འཛམ་གླིང་ནང་གི་མི་འབོར་ཐེར་འབུམ་བདུན་ལ་བདག་པ་རེད། རྒྱལ་ཁབ་བྱེ་བྲག་པ་སོ་སོར་མཚོན་ནའང་རྒྱལ་ཁབ་དེ་མི་མང་ལ་བདག་པ་མ་གཏོགས་སྲིད་དབང་འཛིན་པ་རྣམས་ལ་བདག་མེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ང་ཚོ་འཚོ་ཐུབ་རྒྱུ་དེའང་སྤྱི་ཚོགས་ལ་བརྟེན་ནས་བྱུང་བ་རེད། ད་ཆ་འཕྲུལ་རིགས་ཡར་རྒྱས་ཧ་ཅང་ཕྱིན་པར་བརྟེན་འགྲོ་བ་མི་རིགས་ཡོངས་རྫོགས་ཁྱིམ་ཚང་གཅིག་ཆགས་ཐུབ་པར་ཕན་རླབས་ཧ་ཅང་བྱུང་ཡོད་”ཅེས་བཀའ་སློབ་བསྩལ་བ་མ་ཟད། རྒྱ་གར་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ལ་ཡི་རངས་བསྔགས་བརྗོད་གནང་། བཟང་སྤྱོད་དེ་དག་དེང་སྐབས་འཛམ་གླིང་ནང་དགོས་མཁོ་དང་འབྲེལ་བ་ཧ་ཅང་ཡོད་པ་དང་།  ལྷག་པར་རྒྱ་གར་སྲོལ་རྒྱུན་གྱི་ཞི་གནས་དང་ལྷག་མཐོང་ཉམས་བཞེས་ལ་བརྟེན་ནས་སེམས་ཀྱི་རྣམ་གཞག་དང་བྱེད་ལས། ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཧ་ཅང་ཡོད་སྐོར་བཀའ་སློབ་བསྩལ་འདུག

༧གོང་ས་མཆོག་གིས་ཁོར་ཡུག་དང་འབྲེལ་བའི་སྐོར་བཀའ་སློབ་གནང་དོན། “སྔ་མོའི་དུས་སྐབས་སུ་ཤེས་ཡོན་བསྟི་གནས་ཁང་ཕལ་མོ་ཆེའི་ནང་ཆོས་ཀྱི་བསླབ་བྱ་སོགས་ཡོད་འདུག འོན་ཀྱང་དེང་སྐབས་ཤེས་ཡོན་ལམ་ལུགས་དེ་གཙོ་ཆེར་དཔལ་འབྱོར་སོགས་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཙིགས་ཆེར་འཛིན་བཞིན་ཡོད་སྟབས། ནང་གི་སེམས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་ལྡེང་ངེས་ཤིག་མེད། ཆོས་ཀྱིས་སེམས་ཞི་བདེ་ཡོང་ཐབས་སློབ་གསོ་རྒྱག་བཞིན་ཡོད། འོན་ཀྱང་ད་ཆ་ས་ཁུལ་མང་པོ་ཞིག་ནང་ཆོས་ལ་དོ་སྣང་ཇེ་ཉུང་དུ་འགྲོ་བཞིན་ཡོད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་ཆེན་པོ་ཞུ་མཁན་ཞིག་ཡིན། སྒྲིག་འཛུགས་དེས་ཐུན་མོང་གི་བདེ་དོན་གཙོ་བོར་འཛིན་བཞིན་ཡོད།  ཡུ་རོབ་ནང་ལ་མཚོན་ན་ལོ་ངོ་༧༠ ཙམ་རིང་ཞི་བདེའི་ཁོར་ཡུག་རྒྱུན་སྐྱོང་ཐུབ་པ་བྱུང་ཡོད། སྒྲིག་འཛུགས་དེས་མིའི་བློ་གྲོས་རྒྱས་པ་མཚོན་ཐུབ་ཅིང་།  བཟང་ཕྱོགས་ཀྱི་རེ་བ་ཞིག་ཀྱང་མཐོང་གི་འདུག ད་ཆ་གོ་ལའི་ཁོར་ཡུག་གི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རིགས་སྤྱི་ལ་དཀའ་ལང་འཕྲད་བཞིན་ཡོད།  ངོས་རང་དྷ་སར་ཕྱི་ལོ་༡༩༦༠ ནས་ད་བར་བསྡད་པ་ཡིན། ལོ་རིམ་སོང་གིས་ཁ་བ་འབབ་ཚད་ཇེ་ཉུང་དུ་འགྲོ་བཞིན་འདུག ཚན་རིག་པ་ཚོས་ཀྱང་མ་འོངས་པར་ཁོར་ཡུག་ལ་བརྟེན་ནས་ཛ་དྲག་གི་དཀའ་ངལ་འཕྲད་རྒྱུ་ཡིན་པ་བཤད་ཀྱི་འདུག  སུ་ཝི་ཌེན་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐུན་བྷག་(Greta Thunberg) གིས་སེམས་ཁུར་ཆེན་པོས་ལས་འགུལ་སྤེལ་བ་དེ་ཧ་ལས་རེད། ཡི་རངས་བསྔགས་བརྗོད་ཡོད། ཉེ་ལམ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ལ་བཅར་བའི་མི་ཞིག་ཐུག་བྱུང་། ཁོང་གིས་གསུང་པ་ལྟར་ན།  ད་ཆ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཛ་དྲག་ལས་འགུལ་མ་སྤེལ་ན་འབྱུང་འགྱུར་ལོ་༨༠ ནང་ཙམ་ལ་འཛམ་གླིང་ཕྱེད་ཙམ་བྱེ་སར་འགྱུར་ངེས་ཡིན་པ་གསུངས་བྱུང་། ཁོར་ཡུག་གི་གནས་བབ་དེ་འདྲ་ཞིག་ཡིན་སྟབས། དེ་ལ་བརྟེན་ནས་ང་ཚོས་འགྲོ་བ་མི་རིགས་ཡོངས་རྫོགས་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་དགོས་པ་དྲན་སྐུལ་གསལ་པོར་གཏོང་བཞིན་འདུག མི་ཚེའི་དགོས་པ་གཙོ་བོ་ནི་བདེ་སྐྱིད་རེད། མི་ཚེ་བདེ་ཞིང་སྐྱིད་པ་ཞིག་ཚང་མས་འདོད་ཀྱི་ཡོད། བདེ་སྐྱིད་ཡོང་བར་སེམས་ལ་ཞི་བདེ་དགོས། སེམས་ལ་དོན་དམ་བདེ་སྐྱིད་ཡོང་བར་ཆགས་སྡང་སོགས་མི་མཐུན་ཕྱོགས་ཀྱི་བློར་གཉེན་པོ་བསྟེན་དགོས། དེ་ཡོང་བར་བློའི་རྣམ་གཞག་དང་བྱེད་ལས་སོགས་ཤེས་པར་བྱེད་དགོས།  རང་ངོས་ནས་གྲུབ་པར་སྣང་ཡང་དོན་དམ་པར་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མི་འདུག་སྙམ་པའི་ངེས་པ་གཏིང་ནས་རྙེད་ཐུབ་པ་ཡིན་ན། དེས་རང་གཅེས་འཛིན་གྱི་བློ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཡོད། ལྟ་ཚུལ་དེར་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ཐོག་ནས་རྒྱབ་རྟེན་བྱེད་ཐུབ་”ཅེས་བཀའ་སློབ་སྩལ་རྗེས་དྲི་བར་བཀའ་ལན་བསྩལ་ཡོད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༢༥༨ ཀློག་གྲངས།