ཆོས་ལུགས་ཀྱི་གྱོད་གཞི་ཆེ་ཤོས་ཤིག་ལ་ཁྲིམས་ཐག་བཅད་རྗེས་རྒྱ་གར་ཉེན་རྟོག་པས་སྤྱི་ཚོགས་དྲ་ལམ་ཐོག་དམ་དྲག་བྱེད་བཞིན་པ། 

རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་ཧིན་དྷུ་དང་ཁ་ཆེ་གཉིས་ཀྱི་བར་དུ་གནས་ཆེན་གྱི་བདག་དབང་དང་འབྲེལ་བའི་གྱོད་གཞི་ཆེ་ཤོས་ཤིག་ལ་ཁྲིམས་ཐག་བཅད་རྗེས། ཉེན་རྟོག་པས་སྤྱི་ཚོགས་དྲ་བའི་རྩོམ་དང་བརྙན་ཐུང་༧,༦༨༡ ལ་ཞིབ་བཤེར་བརྟག་དཔྱད་བྱས་ཏེ་མི་༤༧ འཛིན་བཟུང་བྱས་ཡོད་འདུག 

ཟླ་འདིའི་ཚེས་༡༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཨུའུ་དྷར་ཕར་དྷེ་ཤི(Utter Pradeshi) ཡི་ཨ་ཡོ་དྷ་(Ayodhya) ཞེས་པའི་གྲོང་རྡལ་དུ་ཧིན་དྷུ་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱི་བར་ལ་བྱུང་བའི་ལོ་མང་གི་གྱོད་གཞི་ཆེན་པོ་ཞིག་ལ་ཆེས་མཐོའི་ཁྲིམས་ཁང་ནས་ཐག་གཅོད་བྱས་རྗེས། ཉེན་རྟོག་པས་སྤྱི་ཚོགས་དྲ་ལམ་ཐོག་ཞིབ་བཤེར་ནན་པོ་བྱས་ཏེ་ཆོས་ལུགས་གཉིས་ཀྱི་བར་དུ་འཁྲུག་རྐྱེན་སློང་བྱེད་ཀྱི་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་འདུག

དེ་ཡང་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་༩ ཉིན་བསྒྲགས་པའི་བཅད་ཁྲའི་ནང་། ཧིན་དྷུའི་ཆོས་ལུགས་ལ་རྒྱལ་ཁ་ཐོབ་ནས་ཁ་ཆེའི་ཆོས་ལུགས་ཤོར་ཡོད་སྟབས། ཉེན་རྟོག་པས་ཧིན་དྷུའི་རྗེས་འབྲང་བ་ཚོས་རྒྱལ་ཁའི་ཤོག་སྦག་སྤར་ནས་ཁ་ཆེའི་རྗེས་འབྲང་བ་ཚོའི་སེམས་ལ་ཕོག་ཐུག་གཏོང་བྱེད་ཀྱི་པར་དང་བརྙན་ཐུང་དྲ་ཐོག་ཏུ་འཇོག་པ་དང་། དེ་བཞིན་ཁ་ཆེ་བ་ཚོས་ཆོས་ལུགས་གཉིས་ཀྱི་བར་དུ་ཞེ་འཁོན་སློང་བྱེད་ཀྱི་རྩོམ་དང་ཡི་གེ་སྤེལ་བ་སོགས་ལ་ཞིབ་བཤེར་དམ་པོས་འགལ་ཟླ་སྔར་བས་ཀྱང་ཆེ་རུ་མི་འགྲོ་བའི་འབད་བརྩོན་བྱེད་ཀྱིན་ཡོད་འདུག

མངའ་སྡེ་དེ་གའི་ཉེན་རྟོག་པས་ངོ་དེབ་དང་། ཡོ་ཏྲོབ། ཋོའུ་ཋར་སོགས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་འཁྲུག་རྐྱེན་སློང་བྱེད་ཀྱི་རིགས་གཅིག་ཀྱང་འཇོག་མི་ཆོག་ཚུལ་བརྗོད་པ་མ་ཟད། “དྲ་བའི་ཐོག་ཏུ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅི་ཞིག་སྤེལ་ཡང་ཞིབ་བཤེར་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་”སྐོར་བཤད་ཡོད་འདུག 

ཆོས་ལུགས་ཀྱི་གྱོད་གཞི་དེའི་རྒྱབ་ལྗོངས།

ལོ་ངོ་བཅུ་ཕྲག་དུ་མའི་རིང་ཧིན་དྷུ་དང་ཁ་ཆེ་གཉིས་ཀྱི་རྩོད་གཞིར་གྱུར་བའི་གནས་དེ་ནི། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུའུ་དྷར་ཕར་དྷེ་ཤི(Utter Pradeshi) ཡི་ཨ་ཡོ་དྷ་(Ayodhya)ཞེས་པའི་གྲོང་རྡལ་དུ་ཡོད་ཅིང་། དེའི་རྒྱ་ཁྱོན་ལ་རྐང་རྩེད་སྤོ་ལོའི་ཐང་ཙམ་( ཨེ་ཀར་ ༢.༧༧)ཡོད། 

གནས་དེར་དུས་རབས་༡༦ ནང་བཞེངས་པའི་ཁ་ཆེའི་ལྷ་ཁང་ཞིག་ཡོད་སྟབས། ཁ་ཆེའི་གནས་ཆེན་ཞིག་ཡིན་ལ། དེ་བཞིན་ཧིན་དྷུ་ཚོས་ཀྱང་གནས་དེ་ནི་རྒྱལ་པོ་རཱ་མ་ཡ་ཎ་སྐུ་འཁྲུངས་སའི་གནས་ཡིན་ཟེར་ནས་ཤིན་ཏུ་རྩ་ཆེན་དུ་འཛིན་པ་མ་ཟད། ཁ་ཆེའི་ལྷ་ཁང་དེ་མ་བཞེངས་གོང་དུ་དེར་ཧིན་དྷུའི་ལྷ་ཁང་ཞིག་ཡོད་ཚུལ་བཤད། 

རྩོད་གཞི་དེ་ལ་བརྟེན་ནས་ཕྱི་ལོ་༡༩༩༢ ལོར་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་ལོ་ངོ་བརྒྱ་ཕྲག་ཕྱིན་པའི་ཁ་ཆེའི་ལྷ་ཁང་དེ་རྩ་གཏོར་བཏང་ནས་དྲག་པོའི་འཁྲུག་འཛིང་བསླངས་སྟབས། མི་མང་༢༠༠༠ ཙམ་གྱི་ཚེ་སྲོག་ཤོར་བ་ལས་ཕལ་ཆེ་བ་ཁ་ཆེ་ཡིན། 

དེ་ནས་བཟུང་དྲག་པོའི་གདོང་ཐུག་ཤུགས་ཆེན་མེད་པར་ཁྲིམས་གཏུག་རབ་དང་རིམ་པ་ཞིག་བརྒྱུད་རྗེས། ཟླ་འདིའི་ཚེས་༩ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་གནས་དེ་ཧིན་དྷུའི་ཚོགས་པ་ཞིག་ལ་སྤྲད་ནས་ཧིན་དྷུའི་ལྷ་ཁང་བཞེངས་སུ་འཇུག་རྒྱུ་དང་། དེའི་ཚབ་ཏུ་ཁ་ཆེ་ལ་ཉེ་འཁོར་གྱི་ས་ཆ་ཞིག་བྱིན་པའི་ཁྲིམས་ཐག་བཅད། 

ཁྲིམས་ཐག་དེ་ནི་རྒྱ་གར་གྱི་སྲིད་བློན་མོ་དྷིས་མཚོན་པའི་ཧིན་དྷུ་བ་རྣམས་ཀྱིས་དྲང་བདེན་གྱི་ཐག་གཅོད་ཅིག་ཡིན་པ་དང་། མི་ཚང་མས་དགའ་མོས་ངང་དང་ལེན་བྱེད་ཀྱི་ཡོད་ཚུལ་བཤད་དེ་བསྟོད་བསྔགས་ཤུགས་ཆེན་བྱས་འདུག་ཀྱང་། ཁ་ཆེ་བ་ཚོས་དེར་བློ་ཕམ་ཚད་མེད་བྱེད་ཀྱི་ཡོད་པ་མ་ཟད། མ་འོངས་པར་ཁ་ཆེའི་ལྷ་ཁང་གཞན་དག་ལ་དེ་ལྟར་གཏོར་སྐྱོན་གཏོང་སྲིད་ཟེར་ནས་སེམས་ཁྲལ་དང་འཇིགས་སྣང་བྱེད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༨༡༡ ཀློག་གྲངས།