བལ་ཡུལ་གྱི་ངོ་རྒོལ་བ་ཚོས་རྒྱ་ནག་གི་ཧམ་འཛུལ་ལ་ངོ་རྒོལ་བྱས་འདུག 

བལ་ཡུལ་གྱི་ངོ་རྒོལ་བ་ཚོས་འཕྲེད་དར་དང་ངོ་རྒོལ་འབོད་ཚིག་ཁྱེར་ནས་“རྒྱ་ནག་མར་རྒྱུགས་ཤིག བལ་ཡུལ་གྱི་ས་ཆ་ཚུར་སློགས་དགོས་”ཞེས་པའི་སྐད་འབོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་ན་གཞོན་ངོ་རྒོལ་བ་ཁ་ཅིག་གིས་རྒྱ་ནག་གི་ཧམ་འཛུལ་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་དང་འདྲ་གཟུགས་མེར་སྲེག་བཏང་ནས་རྒྱ་ནག་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག 

དེ་ཡང་ངོ་རྒོལ་བ་རྣམས་བལ་ཡུལ་གྱི་རྫོང་ཁག་གསུམ་(Saptari, Bardiya, Kapilvastu) གྱི་སྲང་ལམ་དུ་ཐོན་ནས་རྒྱ་ནག་ལ་ངོ་རྒོལ་བྱས་འདུག་ཅིང་། ངོ་རྒོལ་གྱི་ལས་འགུལ་དེའི་ཁྲོད་ཁོ་ཚོས་འཕྲེད་དར་དང་འབོད་ཚིག་ཐོགས་པ་མ་ཟད། “རྒྱ་ནག་མར་རྒྱུགས་ཤིག བལ་ཡུལ་གྱི་ས་ཆ་ཚུར་སློགས་དགོས་”ཞེས་པའི་འབོད་ཚིག་བསྒྲགས་ཡོད་འདུག

ངོ་རྒོལ་གྱི་ལས་འགུལ་དེ་ནི། ཉེ་ཆར་བལ་ཡུལ་ས་ཁོངས་ཞིབ་བཤེར་ལས་ཁུངས་ནས་སྙན་ཐོ་ཞིག་བཏོན་པའི་ནང་། བལ་ཡུལ་གྱི་ས་ཆ་ཧེཀ་ཊར་(hectares) ༣༦ ཙམ་རྒྱ་ནག་གིས་ཧམ་ཟ་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན་ནས་བྱུང་བ་ཡིན་འདུག 

སྙན་ཐོ་དེའི་ནང་རྒྱ་ནག་གིས་[བཙན་བཟུང་བྱས་པའི]བོད་ཀྱི་མཐའ་མཚམས་རིམ་གྱིས་རྒྱ་སྐྱེད་བྱས་ཏེ་བལ་ཡུལ་གྱི་ས་ཆ་ཧམ་ཟ་བྱེད་བཞིན་ཡོད་སྟབས། དེ་སྔོན་བལ་ཡུལ་གྱི་མངའ་ཁོངས་སུ་ཡོད་པའི་ས་ཆ་ཧེཀ་ཊར་བརྒྱ་ཕྲག་འགའ་ཤས་ད་ལྟ་རྒྱ་ནག་གི་ཆ་ཤས་སུ་འགྱུར་རྒྱུ་ཡིན་འདུག 

ད་ལྟ་བལ་ཡུལ་གྱིས་དཔལ་འབྱོར་དང་ཆབ་སྲིད་གང་ཅིའི་ཐད་ནས་རྒྱ་ནག་ལ་བསྟུན་གང་ཐུབ་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཉེ་བའི་ཟླ་བ་འགའ་ཤས་ནང་བལ་ཡུལ་དུ་རྒྱ་ནག་ལ་མི་དགའ་བའི་ངོ་རྒོལ་རབ་དང་རིམ་པ་ཞིག་བྱུང་འདུག་སྟེ། ཕྱི་ཟླ་༨ ནང་རྒྱ་ནག་གི་གློག་ཆས་བཟོ་ཚོང་ཁང་ཧཱ་ཝེ་(Huawei)ཡིས་བལ་ཡུལ་གྱི་དྲ་བ་༢༠༠ ཙམ་ལ་འཇབ་རྒོལ་བྱས་པར་གསར་འགོད་པས་སྣེ་ཁྲིད་པའི་མི་མང་གི་ངོ་རྒོལ་བྱས་འདུག་ལ། དེ་བཞིན་ཕྱི་ཟླ་༩ ནང་བལ་ཡུལ་གྱི་འགྲོ་བ་མིའི་ཐོང་ཐང་ལས་འགུལ་བ་ཚོ་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་རྒྱ་མིས་བལ་ཡུལ་གྱི་བུད་མེད་རྣམས་ཉོ་ཚོང་བྱེད་པའི་གནས་ཚུལ་དེར་ངོ་རྒོལ་བྱས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༦༧༠ ཀློག་གྲངས།