སྲིད་འཛིན་ཊོམ་གྱིས་རྒྱ་ནག་ཐོག་སྒོ་ཁྲལ་ལྡབ་ཀྱིས་སྤར་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག 

ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་ཐོག་མའི་འཆར་གཞིའི་ནང་། སྲིད་འཛིན་ཊོམ་དང་ཞི་གཉིས་ཀྱིས་ཟླ་འདིར་(ཕྱི་ཟླ་༡༡) ལྷོ་ཨ་མི་རིའི་རྒྱལ་ཁབ་ཆི་ལིད་(Chile) དུ་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་སྔོན་འགྲོའི་ཚོང་འབྲེལ་གྲོས་མཐུན་ཡིག་ཆར་ས་ཡིག་རྒྱག་འཆར་ཡོད་མོད། འོན་ཀྱང་ཆི་ལིད་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཟང་ཟིང་དུ་གྱུར་ནས་རྒྱལ་སྤྱིའི་ཚོགས་འདུ་དེ་མེད་པ་བཏང་བ་དང་། སྲིད་འཛིན་ཊོམ་གྱིས་གལ་སྲིད་རྒྱ་ནག་དང་གྲོས་མཐུན་མ་བྱུང་ན། སྒོ་ཁྲལ་ལྡབ་ཀྱིས་སྤར་རྒྱུ་ཡིན་པའི་འཇིགས་སྣང་བསྐུལ་འདུག

ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ནིའུ་ཡོག་དཔལ་འབྱོར་མཐུན་ཚོགས་(Economic Club of New York) ཀྱིས་གོ་སྒྲིག་བྱས་པའི་མཛད་སྒོ་ཞིག་ལ་གཏམ་བཤད་གནང་བའི་ནང་། “གལ་སྲིད་ང་ཚོས་[རྒྱ་ནག་དང་]གྲོས་མཐུན་འཇོག་མ་ཐུབ་པ་ཡིན་ན། སྒོ་ཁྲལ་ལྡབ་ཀྱིས་སྤར་རྒྱུ་ཡིན་ལ། ང་ཚོ་ལ་མ་རུང་བ་བྱེད་མཁན་གྱི་རྒྱལ་ཁབ་གཞན་རྣམས་ཀྱང་གཅིག་མཚུངས་ཡིན་”ཞེས་བརྗོད་པའི་ཐོག  རྒྱ་ནག་གིས་གྲོས་མཐུན་འཇོག་རྒྱུར་རེ་འདོད་ཆེན་པོ་བྱེད་ཀྱིན་ཡོད་རུང་། ཁོང་གིས་གྲོས་མཐུན་དེ་ཨ་རིའི་མི་མང་དང་ཨ་རིའི་བཟོ་ཚོང་ཁང་རྣམས་ལ་ཕན་ཐོགས་ཅན་ཞིག་ཡིན་ན་མ་གཏོགས་ས་ཡིག་རྒྱག་གི་མིན་ཚུལ་བསྣན་ཡོད་འདུག 

ཐོག་མའི་འཆར་གཞི་ལྟར་ན། ཟླ་བ་འདིའི་ནང་ཆི་ལིད་རྒྱལ་ཁབ་ཏུ་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་གི་ཐོག་སྲིད་འཛིན་ཊོམ་དང་ཞི་གཉིས་ཀྱིས་ཨ་རྒྱའི་ཚོང་འབྲེལ་གྲོས་མཐུན་གྱི་སྔོན་འགྲོའི་ཡིག་ཆར་ས་ཡིག་རྒྱག་འཆར་ཡོད་མོད། འོན་ཀྱང་རྒྱལ་ཁབ་དེའི་ནང་ཆབ་སྲིད་ཀྱི་རྙོག་ཟིང་ལྷགས་ནས་ཚོགས་འདུ་དེ་མེད་པ་བཟོས་སྟབས། ཐོག་མའི་འཆར་གཞི་དེ་ལམ་ལྷོང་མ་བྱུང་བར་ལྷག་ཡོད། 

ད་ལྟའི་ཆར་སྔོན་འགྲོའི་གྲོས་མཐུན་ཡིག་ཆར་ས་ཡིག་རྒྱག་ཡུལ་གྱི་ས་གནས་ཁྱབ་བསྒྲགས་བྱས་མེད་ཀྱང་། གནད་དོན་དེར་རྒྱུས་མངའ་ཡོད་པའི་མི་ཞིག་གིས་བཤད་པ་ལྟར་ན། ཨ་རིའི་གཞུང་ནས་བཏོན་པའི་ཨ་རིའི་ས་གནས་རྣམས་རྩིས་མེད་བཏང་ནས་ད་ལྟ་ཨེ་ཤི་ཡ་དང་ཡུ་རོབ་ཀྱི་ས་གནས་ཤིག་འཚོལ་བཞིན་པའི་སྒང་ཡིན་འདུག 

གཞན་ཡང་། གཏམ་བཤད་དེའི་ནང་ཁོང་གིས་“རྒྱ་ནག་གིས་མགོ་སྐོར་སླུ་བྲིད་བྱས་པ་ལྟ་བུ་ཞིག་མི་སུ་གཅིག་ཀྱང་བྱས་མེད་”ཅེས་བཤད་དེ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་སླར་ཡང་སྐྱོན་བརྗོད་བྱས་པ་མ་ཟད། “ད་ནི་ཨ་རིའི་ལས་ཀ་དང་རྒྱུ་ནོར་རྐུ་ཐུབ་ཀྱི་མ་རེད་”ཅེས་བཤད་དེ་རྒྱ་ནག་གིས་སྔོན་ཆད་ལྟར་ཨ་རིའི་ས་ནས་ཁེ་སང་ལེན་མི་ཐུབ་པའི་རྣམ་འགྱུར་བསྟན་འདུག 

ད་ལྟ་ཨ་རྒྱའི་ཁྱོད་ཤི་ང་གསོན་གྱི་ཚོང་དམག་འགོ་ཚུགས་ནས་ཟླ་བ་༡༨ ཙམ་འགྲོ་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཙམ་མ་ཟད། གོ་ལ་ཁྱོན་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཚད་མེད་ཐེབས་བཞིན་ཡོད་ཀྱང་། གྲོས་མཐུན་དེ་མགྱོགས་མྱུར་འཇོག་ཐུབ་མིན་ད་དུང་ཡང་ཐེ་ཚོམ་གནས་སུ་ཡོད་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༨༧༤ ཀློག་གྲངས།