དམིགས་ཡུལ་དང་རྒྱབ་སྐྱོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༧  ཕྱི་ལོ་ ༢༠༡༩/༡༡ /༡༣

ཉེ་བའི་ཆར་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་གོ་སྒྲིག་འོག  ཕྱི་ཟླ་༡༡ ཚེས་༣ ནས་༥ བར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་༤༢ ཙམ་ནས་ཚོགས་བཅར་བ་མི་གྲངས་༡༨༠ ལྷག་ཙམ་བཞུགས་སྒར་དུ་ལྷན་འཛོམས་ཐོག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པའི་བསྒྲགས་གཏམ་ནང་། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་ལོ་ངོ་༧༠ ཙམ་རིང་བོད་ས་ཧམ་བཟུང་བྱས་རྐྱེན་བོད་མིར་དཀའ་ངལ་འཕྲད་ཡོད་ཀྱང་ད་དུང་དཀའ་ངལ་དེ་དག་སེལ་ཐབས་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་ཞུ་རྒྱུའི་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་རྩ་བ་ནས་མ་བསྟན་པར་དེ་མུར་གནས་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་བསྐྱར་གསོ་གནང་དགོས་པ་ཞུ་རྒྱུ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན།”ཞེས་དང་།

མུ་མཐུད་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོས་འཚེ་མེད་ཞི་བའི་ལྟ་བར་མཐའ་གཅིག་ཏུ་ཡིད་ཆེས་མཛད་ནས་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་རྒྱུན་སྐྱོང་མཛད་བཞིན་པར་ང་ཚོས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ལྷག་པར་གཞིས་ལུས་བོད་མི་ཚོས་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་ཀྱི་གོ་ཆ་གྱོན་ནས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད།  རྒྱ་ནག་གཞུང་གི་དབང་སྒྱུར་ལ་གདོང་ལེན་གནང་བཞིན་པ་དེར་ང་ཚོས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད།”ཅེས་སོགས་འཁོད་ཡོད་པ་དང་། གཞན་ཡང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཐོག་ནས་ཀྱང་ཉེ་ཆར་འཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོ་ལ་རྒྱབ་སྐྱོར་ཡོད་ཅེས་འཁོད་འདུག ད་ལྟའི་དུས་འདིར་རྒྱ་དམར་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་དོན་ཛ་དྲག་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་འཁེལ་ཡོད་པ་དང་། བོད་པ་རང་ངོས་ནས་༧གོང་ས་མཆོག་གི་དགུང་ནའི་བབས་དང་བཙན་བྱོལ་བོད་མིའི་བསམ་སྤྱོད་སོགས་ལ་བརྟེན་ནས་བོད་ཀྱི་གནད་དོན་ཛ་དྲག་ཅན་དུ་གྱུར་ཡོད། 

ད་ལན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་དེའི་ཐག་གཅོད་ནང་གང་འཁོད་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དང་། ལས་དོན་ཁག་ལ་རྒྱབ་སྐྱོར་བྱས་པ་ཞིག་ཏུ་གྱུར་ཡོད་ལ། རྒྱབ་སྐྱོར་ཚོགས་ཆེན་དེའི་ངོ་བོ་དང་རྣམ་པ་ཡང་དེ་ལྟ་བུ་ཞིག་ཏུ་འགྱུར་དགོས་པའང་གལ་ཆེན་པོར་གྱུར་ཡོད། དོན་དག་ཆེ་ཆུང་གང་ཐད་ནས་རྒྱབ་སྐྱོར་ཞེས་པའི་ཚིག་འདི་སླེབས་ཡོང་དུས། མདུན་དུ་འགྲོ་རྒྱུའི་བསམ་བློ་དང་འཆར་གཞི་ཡོད་མཁན་ཞིག་ལ། རྒྱབ་ནས་སྐྱོར་མཁན་དེས་མདུན་དུ་འགྲོ་མཁན་ཁོ་རང་གང་དུ་འགྲོ་འདོད་ཡོད་པ་དེ་རང་དུ་སླེབས་ཐུབ་པའི་རོགས་རམ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ལས། མདུན་དུ་འགྲོ་འདོད་གཏན་ནས་མེད་མཁན་ཞིག་འབུད་རྒྱག་ཁོ་ན་ལ་བརྟེན་ནས་དེད་དགོས་ན། དེ་ལ་རྒྱབ་སྐྱོར་གྱི་གོ་བ་གཏན་ནས་ལེན་མི་འོས། དེར་བརྟེན་གཞུང་འབྲེལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་པས། ཚོགས་ཆེན་འདི་ལྟ་བུའི་ཐོག་སྟོན་དགོས་པའི་རྣམ་འགྱུར་ཡང་འདི་ལས་ལྷག་པ་ཞིག་གང་ཡང་མེད། 

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་རབས་དང་། དབུ་མའི་ལམ་ལས་ལྷག་པའི་སྲིད་བྱུས་ཁག་ལ་རྒྱབ་སྐྱོར་མེད་པའི་སྐོར་ཡང་གསུང་གི་ཡོད་པ་མ་ཟད། རྒྱ་རིགས་སྤྱི་དང་བྱེ་བྲག་རྒྱ་ནག་ནང་གི་རྒྱ་རིགས་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཁ་ཕོ་ཤུགས་ཆེན་སྒྲོག་གི་ཡོད། རྒྱལ་སྤྱིའི་ཁྱོན་ནས་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན། གོང་དུ་བརྗོད་པ་བཞིན་རྒྱབ་སྐྱོར་བྱེད་ཡུལ་ལ་གང་དགོས་པ་དེར་རྒྱབ་སྐྱོར་བྱེད་དགོས་པ་དང་། དེ་ལ་རྒྱབ་སྐྱོར་མ་ཐུབ་ན་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་གྱུར་མེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རང་ལ་དགོས་པ་དེར་རྒྱབ་སྐྱོར་འཚོལ་དགོས་པ་ལས། མི་དགོས་པ་ཞིག་ལ་རྒྱབ་སྐྱོར་དགོས་པའི་ཐབས་ཤེས་བྱེད་མི་སྲིད་ལ། དེ་ལྟར་བྱེད་ཀྱི་མེད་པའང་ཕྱི་གསལ་ནང་གསལ་དུ་གྱུར་ཟིན། རྒྱ་མི་རིགས་ཀྱི་ངོས་ནས་རྒྱབ་སྐྱོར་ཡོད་མེད་བཤད་མི་ཤེས་ཀྱང་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གང་འཚམ་ཞིག་ཡོད་པ་དེ་གལ་ཆེན་པོ་རེད། 

བཙན་བྱོལ་གཞུང་གི་ངོས་ནས་བོད་རང་བཙན་སླར་གསོའི་ལངས་ཕྱོགས་བརྟན་པོ་འཛིན་བཞིན་པའི་སྐབས། མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་དོན་རྒྱབ་སྐྱོར་དང་ལྷག་པར་དུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་ཀྱང་བཞག་ཡོད། རིམ་པས་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་དམིགས་ཡུལ་ལ་འགྱུར་བ་སོང་རིམ་བཞིན། རྒྱལ་སྤྱིའི་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཁ་ཕྱོགས་ལའང་འགྱུར་བ་སོང་ཡོད་པ་ཚང་མས་མཁྱེན་ཐུབ་པ་ཞིག་རེད། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གཏན་ནས་མེད་པའམ། བྱེད་མི་སྲིད་པ་ཞིག་མིན་པ་དེ་གོང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔེ་མཚོན་དེའི་ཐོག་ནས་ཤེས་ཐུབ། རྒྱ་རིགས་ཁ་ཤས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྣམ་པ་དེ་ཡང་མི་རིགས་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་ཡིན་པ་ལས། བོད་པ་ལ་ཤ་ཚ་ནས་མིན་པ་གསུང་བཤད་དེའི་ཤུགས་ཀྱིས་ར་སྤྲོད་བྱས་འདུག མདོར་ན་རྒྱབ་སྐྱོར་བ་ནི་རྒྱབ་སྐྱོར་བ་རང་ཡིན་པ་ལས་སྣེ་ཁྲིད་པ་མིན་པ་དང་། དོ་བདག་ལ་མི་དགོས་པ་ཞིག་རྒྱབ་སྐྱོར་བས་བྱེད་མི་ཐུབ་པ་དེ་ཡང་གསལ་པོ་ཤེས་དགོས།།

Share this:
༣༤༢ ཀློག་གྲངས།