ངོ་དེབ་རྫུན་མ་ཐེར་འབུམ་༥ ལས་མང་བ་སྒོ་བརྒྱབ་འདུག 

ཟླ་༡༡ པའི་ཚེས་༡༣ ཉིན་ངོ་དེབ་ཚོང་ལས་ཁང་གིས་ལས་དོན་སྙན་ཐོ་བཏོན་འདུག་པ་དང་། དེའི་ནང་གནས་ཚུལ་རྫུན་མ་དང་དཀྲུག་སློང་གི་སྐད་ཆ་རིགས་བཀག་འགོག་ཡོང་ཆེད་དུ། ལོ་འདིར་དྲ་ཐོག་ཏུ་སྒེར་གྱི་ངོ་དེབ་རྫུན་མ་ཐེར་འབུམ་༥.༤ སྒོ་བརྒྱབ་འདུག་པ་དང་། དེ་བཞིན་ངོ་དེབ་ཐོག་ཏུ་འཁོན་འཛིན་སློང་བའི་སྐད་ཆ་རིགས་རང་བཞིན་གྱིས་ངོས་འཛིན་བྱས་ཏེ་ཕྱིར་འཐེན་བྱེད་པའི་ལས་དོན་ཡང་འགོ་བཙུགས་ཟིན་ཡོད་སྐོར་བརྗོད་འདུག 

དེ་ཡང་ཚོང་ལས་ཁང་དེས་ངོ་དེབ་རྫུན་མ་སྒོ་ཐེར་འབུམ་༥.༤ ལོ་འདིར་སྒོ་བརྒྱབ་ཟིན་ཡོད་ཀྱང་། དྲ་ཐོག་ཏུ་ད་དུང་ཡང་ངོ་དེབ་རྫུན་མ་ས་ཡ་མང་པོ་ཕལ་ཆེར་ལྷག་ཡོད་སྲིད་སྐོར་བརྗོད་འདུག་པ་དང་། ཕྱི་ལོ་༢༠༡༨ ལོར་ངོ་དེབ་རྫུན་མ་ཐེར་འབུམ་༣.༣ སྒོ་བརྒྱབ་ཡོད་འདུག 

ངོ་དེབ་རྫུན་མ་མང་པོ་ཞིག་བཟོས་མ་ཐག་ངོས་འཛིན་བྱེད་ཐུབ་པའི་འཕྲུལ་ལས་ཡར་རྒྱས་བཏང་ཡོད་ཀྱང་། ཟླ་བ་གཅིག་ནང་ངོ་དེབ་བཀོལ་སྤྱོད་བྱེད་མཁན་ཐེར་འབུམ་༢.༥ ཡི་ཁོངས་ནས་བརྒྱ་ཆ་༥ ཙམ་ངོ་དེབ་རྫུན་མ་ཡིན་འདུག དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་བསྡུ་དང་དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དུ། ངོ་དེབ་རྫུན་མ་བཟོས་ནས་གནས་ཚུལ་རྫུན་མ་དང་དཀྲུག་སློང་གི་སྐད་ཆ་ཁྱབ་སྤེལ་ཆེན་པོ་བཏང་ནས། འོས་བསྡུར་ཤུགས་རྐྱེན། མི་རིགས་བར་འགལ་ཟླ་སོགས་ཀྱི་གནད་དོན་མང་པོ་ལྷག་རྐྱེན། ངོ་དེབ་ཚོང་ལས་ཁང་གིས་འགན་ཁུར་ནས་གནས་ཚུལ་དེ་རིགས་བཀག་འགོག་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཆེན་པོ་བྱུང་རྐྱེན། ཚོང་ལས་ཁང་དེས་ཕྱི་གསལ་ནང་གསལ་ཡིན་ཚུལ་གྱིས་ལས་དོན་སྙན་ཐོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད་འདུག 

ངོ་དེབ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མག་ཛུ་ཀེར་བྷེག་གིས། ངོ་དེབ་རྫུན་མ་གྲངས་མང་པོ་འདི་འདྲ་ཞིག་སྒོ་བརྒྱབ་པ་དེས། ཚོང་ལས་ཁང་གིས་གནད་དོན་དེར་གལ་འགངས་ཆེན་པོ་འཛིན་བཞིན་པ་གསལ་པོ་ཆགས་ཀྱི་ཡོད་པ་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་གཞན་ཚོས་ཀྱང་ཕྱི་གསལ་ནང་གསལ་གྱི་ལས་དོན་སྙན་ཐོ་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག 

ཐེངས་འདིའི་ལས་དོན་སྙན་ཐོའི་ནང་དུ་ངོ་དེབ་ཚོང་ལས་ཁང་གིས་བདག་གཉེར་བྱེད་བཞིན་པའི་པར་བརྒྱུད་སྤེལ་བྱེད་ཡུལ་གྱི་མཉེན་ཆས་དབྱིན་སེ་ཀྲ་གྷེ་རམ་(Instagram) ཐོག་ཏུ། ཚོང་ལས་ཁང་གི་སྲིད་བྱུས་དང་མི་མཐུན་པའི་པར་དང་འཕྲིན་ཐུང་སོགས་འདི་ལོའི་ཟླ་༤ པ་ནས་༩ པ་བར་ས་ཡ་༣ ཕྱིར་འཐེན་བྱས་ཡོད་པ་དང་། དེ་བཞིན་མཉེན་ཆས་དེའི་ཐོག་ཏུ་ཕྲུ་གུར་བརྙས་བཅོས། རང་སྲོག་བཅད་པའམ་སོ་སོ་རང་ཉིད་ལ་གནོད་འཚེ་གཏོང་བ། འཇིགས་སྐུལ་རིང་ལུགས་པའི་དྲིལ་བསྒྲགས། སྨྱོ་རྫས་དང་མེ་མདའ་ཉོ་ཚོང་སོགས་དང་འབྲེལ་བའི་པར་དང་བརྙན། འཕྲིན་སོགས་ཀྱི་ཐོག་ཕྱིར་འཐེན་དང་བཀག་འགོག་གི་ལས་དོན་བྱས་ཡོད་སྐོར་འཁོད་ཡོད་འདུག 

ལོ་འདིའི་མགོ་སྟོད་ནས་ངོ་དེབ་ཚོང་ལས་ཁང་གིས། ངོ་དེབ་ཐོག་ཏུ་ཚོང་ལས་ཁང་གི་སྲིད་བྱུས་དང་འགལ་བའི་འཁོན་འཛིན་སློང་བའི་སྐད་ཆ་རིགས་རང་བཞིན་གྱིས་ཕྱིར་འཐེན་བྱེད་པའི་འཕྲུལ་རིག་ལས་འཆར་ཤིག་ཤར་གཏོང་བྱས་ཡོད་འདུག ཟླ་༧ པ་ནས་༩ པ་བར་ངོ་དེབ་ཐོག་ཏུ་འཁོན་འཛིན་སློང་བའི་སྐད་ཆ་རིགས་ས་ཡ་༧ ལས་མང་བ་ཕྱིར་འཐེན་བྱས་ནས། དེའི་ཁ་གྲངས་དེ་ཟླ་༤ པ་ནས་༧ པ་བར་གྱི་ཁ་གྲངས་ལས་བརྒྱ་ཆ་༦༠ ཡར་འཕར་ཡོད་འདུག དེ་བཞིན་ཕྱིར་འཐེན་བྱས་པའི་ཁོངས་ནས་བརྒྱ་ཆ་༨༠ ངོ་དེབ་བཀོལ་སྤྱོད་པ་གཞན་གྱིས་མ་མཐོང་སྔོན་ནས་ངོ་དེབ་ཚོང་ལས་ཁང་གིས་ཤེས་རྟོགས་བྱུང་ནས་ཕྱིར་འཐེན་བྱས་ཡོད་སྐོར་སྙན་ཐོའི་ནང་འཁོད་འདུག 

རྒྱལ་སྤྱིའི་ནང་ངོ་དེབ་ཚོང་ལས་ཁང་གི་བདག་གཉེར་བྱེད་བཞིན་པའི་ངོ་དེབ་དང་ཨན་སི་ཀྲ་གྷེ་རམ། དེ་བཞིན་འཕྲིན་ཐུང་མཉེན་ཆས་ཝ་ཛེ་ཨེབ་བཅས་ཀྱི་ཐོག་ཏུ། གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་འཁོན་འཛིན་སློང་བྱེད་ཀྱི་སྡིངས་ཆ་ཆེ་ཤོས་གྲས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་དང་། ངོ་དེབ་ཚོང་ལས་ཁང་ནས་ཀྱང་རྒྱལ་ཁབ་ཁག་ཅིག་ནང་ཚོང་ལས་ཁང་གིས་འཐུས་ཤོར་སོང་ཡོད་པ་ངོས་འཛིན་གྱིས། ལས་དོན་དོ་ནན་དུ་བཏང་ཡོད་པ་རེད། འོན་ཀྱང་ཚོང་ལས་ཁང་གི་དཔལ་འབྱོར་སྲིད་བྱུས་དང་སྤྱི་ཚོགས་ཀྱི་བདེ་འཇགས་གཉིས་བར་འགལ་ཟླ་ཡོད་པར་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་མུ་མཐུད་ནས་ཡོད་པ་རེད་ལ། ཕྱི་ལོ་༢༠༢༠ ལོར་ཨ་རི་དང་ཐའེ་ཝན་སོགས་ཀྱི་འོས་བསྡུར་ངོ་དེབ་གཙོས་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ། གནས་ཚུལ་རྫུན་མས་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱེད་ངེས་ཡིན་པས། ཚོང་ལས་ཁང་ཚོར་ལས་དོན་དོ་ནན་བྱེད་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་རེད།

ཕྱི་ལོ་༢༠༡༨ ལོར་ངོ་དེབ་ཚོང་ལས་ཁང་དེར་རྙོག་གླེང་ག་ཚོད་བྱུང་ཡང་། ལོ་དེར་ཚོང་ལས་ཁང་དེའི་ངོ་དེབ་དང་མཉེན་ཆས་གཞན་རྣམས་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་དང་ཁེ་བཟང་མང་དུ་ཕྱིན་ཡོད་པ་རེད།  དེ་ཡང་ཕྱི་ལོ་༢༠༡༨ ལོའི་ཟླ་བ་མཐའ་མ་གསུམ་གྱི་ནང་། ངོ་དེབ་ཚོང་ལས་ཁང་གི་ཁེ་བཟང་དེ་བརྒྱ་ཆ་༣༠ འཕར་འདུག་པ་དང་། དེ་ནི་ཨ་སྒོར་ཐེར་འབུམ་༡༦.༩ ཡིས་འཕར་བ་ཡིན་འདུག་པས་དེའི་ཐོག་སྙན་ཐོ་བཏོན་རྗེས། ངོ་དེབ་ཀྱི་མ་རྐང་རིན་ཐང་བརྒྱ་ཆ་༡༠ ལས་མང་བ་འཕར་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༧༣༤ ཀློག་གྲངས།