རྒྱ་གར་དུ་ཕོ་སར་དྲུག་གིས་བུད་མེད་གཅིག་ལ་རྒྱག་རྡུང་དང་བཙན་གཡེམ་བྱས་འདུག

རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུའུ་དྷར་པར་དྷེ་ཤཱིའི་(Utter Pradesh) གྲོང་ཁྱེར་ནཱོ་དྷ་(Noida) ཡི་གླིང་ཁ་ཞིག་ནང་སྐྱེས་པ་ཞིག་གིས་བུད་མེད་ཅིག་ལ་བཙན་གཡེམ་གཏོང་ཐབས་བྱེད་བཞིན་པ་ཕོ་སར་ཁག་ཅིག་གིས་མཐོང་བ་ན། ཁོང་ཚོས་ཕོ་སར་དེར་རྒྱག་རྡུང་བྱས་ནས་ཕར་ཕུད་རྗེས། བུད་མེད་དེ་ལ་ཁོང་ཚོ་རེས་མོས་ཀྱིས་བཙན་གཡེམ་བྱས་ཡོད་འདུག 

ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་དགོང་མོའི་ཆུ་ཚོས་༨:༣༠ ཙམ་ལ་རྒྱ་གར་གྱི་གྲོང་ཁྱེར་ནཱོ་དྷ་ཡི་གླིང་ཁ་ཞིག་ཏུ་ལོ་ན་༢༡ ལ་སོན་པའི་བུད་མེད་ཅིག་ལ་ཕོ་སར་ལྔ་ཡིས་རྒྱག་རྡུང་དང་བཙན་གཡེམ་བྱས་པའི་གནས་ཚུལ་ལྷགས་རྗེས། ས་གནས་ཉེན་རྟོག་པས་ཉེས་ཅན་པ་གསུམ་འཛིན་བཟུང་བྱས་ཟིན་པ་དང་། གཞན་གཉིས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག 

དེ་ཡང་འབྲེལ་ཡོད་ཉེན་རྟོག་པས་བརྗོད་པ་ལྟར་ན། གནོད་འཚེ་ཕོག་ཡུལ་གྱི་བུད་མེད་དེ་ནཱོ་དྷི་གྲོང་ཁྱེར་དུ་སོ་སོའི་ནང་མི་དང་ལྷན་དུ་འཚོ་བ་དང་། མོ་རང་རེས་གཟའ་ལྷག་པའི་དགོང་མོར་གྲོང་ཁྱེར་དེ་གའི་ས་ཁུལ་༦༣ (Sector 63) ལ་རཱ་ཝི་(Ravi) ཞེས་པའི་ངོ་ཤེས་རོགས་པ་ཞིག་ཐུག་ཏུ་ཕྱིན་འདུག རྒྱུ་མཚན་ནི་ཁོས་མོ་ལ་ཁ་པར་བཏང་ནས་ལས་ཀའི་གོ་སྐབས་ཤིག་ཡོད་པ་དང་། མོ་དེར་ཡོང་དགོས་ཞེས་བརྗོད་པ་ཡིན་འདུག མོ་ས་ཁུལ་དེར་འབྱོར་རྗེས། ཁོས་མོ་ཉེ་འཁོར་གྱི་གླིང་ཁ་ཞིག་ལ་ཁྲིད་དེ་བཙན་གཡེམ་གཏོང་ཐབས་བྱེད་དུས་མོས་སྐད་བརྒྱབས་པ་དང་། ཉེ་འཁོར་དུ་ཡོད་པའི་ཕོ་སར་གཉིས་ཀྱིས་མོའི་སྐད་གོ་ནས་དེར་འབྱོར་བ་མ་ཟད། མོ་ལ་བརྙས་བཅོས་བྱེད་མཁན་རཱ་ཝི་ལ་ཉེས་རྡུང་གཏོང་འགོ་བརྩམས་པས་ཁོ་བྲོས་ཡོད་འདུག

རཱ་ཝི་བྲོས་ཕྱིན་རྗེས། ཁོ་གཉིས་ཀྱིས་བུད་མེད་དེར་བཙན་གཡེམ་བཏང་བ་མ་ཟད། རོགས་པ་གསུམ་ལ་ཁ་པར་བཏང་ནས་ཁོང་ཚོ་རེས་མོས་ཀྱིས་བུད་མེད་དེར་མ་རུང་བ་བྱས་ཏེ་བྲོས་ཕྱིན་པས། གནོད་འཚེ་ཕོག་ཡུལ་གྱི་བུད་མེད་དེ་དགོང་མོའི་ཆུ་ཚོད་༩:༣༠ ཙམ་ལ་ཉེན་རྟོག་ལས་ཁུངས་སུ་ཕྱིན་ནས་དོན་རྐྱེན་དེ་ཡར་ཞུ་བྱས་འདུག

བུད་མེད་དེ་འཕྲལ་དུ་ས་གནས་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱས་པར་བརྟེན། རེས་གཟའ་པ་སངས་ཉིན་ཉེན་ཁ་ལས་གྲོལ་རུང་། མོའི་རྒྱབ་དང་ལག་པ། གསང་གནས་སོགས་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སེམས་ཁམས་ཀྱི་མི་བདེ་ལས་གྲོལ་མེད་སྟབས། སྨན་པ་ཚོ་གཅིག་གིས་ཉིན་མཚན་མེད་པར་སྨན་བཅོས་ལྟ་རྟོག་བྱེད་བཞིན་ཡོད་འདུག

བཙན་གཡེམ་གྱི་གནས་ཚུལ་དེ་ལྷགས་རྗེས། ཉེན་རྟོག་པ་འཕྲལ་མ་ཉིད་དུ་རུ་ཁག་གཉིས་ལ་བགོས་ནས་ཉེས་ཅན་པ་རྩད་གཅོད་བྱས་པ་དང་། ཐོག་མར་རཱ་ཝི་འཛིན་བཟུང་བྱས་ཏེ་བཙན་གཡེམ་བྱེད་ཐབས་བྱས་པའི་ཉེས་ཆད་བཅད་པ་དང་། དེ་ནས་ཁོ་དང་གནོད་འཚེ་ཕོག་ཡུལ་གྱི་བུད་མེད་གཉིས་ཀྱི་འགྲེལ་བཤད་ལ་གཞིར་བཟུང་ནས་ཉེས་ཅན་པ་གསུམ་ཆུ་ཚོད་༡༢ ནང་འཛིན་བཟུང་བྱས་ཀྱང་། ཉེས་ཅན་པ་གཞན་གཉིས་བྲོས་ནས་འཇུ་ཐུབ་མེད་སྟབས། དེ་གཉིས་གར་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ན་ཉེས་ཅན་པ་རེའི་ཆེད་དུ་ཧིན་སྒོར་༢༥,༠༠༠ རེ་བྱ་དགར་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་བསྒྲགས་ཡོད་འདུག 

གནོད་འཚེ་ཕོག་ཡུལ་གྱི་བུད་མེད་དེའི་ཁྱིམ་ཚང་ཤིན་ཏུ་དབུལ་པོ་ཡིན་སྟབས། མོ་ལ་ལས་ཀ་ཞིག་མ་རག་པར་འ་ཆད་འུ་ཐུག་པའི་སྒང་ཡིན་འདུག་ཅིང་། རྗེས་སུ་མོའི་ཨ་མས་“ང་ཚོ་ནི་ཁྱིམ་ཚང་ཤིན་ཏུ་སྐྱོ་བོ་ཞིག་ཡིན་སྟབས། ཐ་ན་མོ་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡང་སྦྱོར་ཐུབ་ཀྱི་མེད། མོ་རང་ལོ་གཅིག་ལས་མ་ཕྱིན་པའི་སྐབས་ཨ་ཕ་གྲོངས་པ་རེད་”ཅེས་བཤད་ཡོད་འདུག 

ད་ཐེངས་ཀྱི་བཙན་གཡེམ་དོན་རྐྱེན་འདིའི་ཉེས་ཅན་པ་ཚང་མ་ལོ་ན་༢༠ ནས་༢༤ བར་ཡོད་པའི་ཕོ་སར་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༣༦༡ ཀློག་གྲངས།