རྒྱ་ནག་གི་སྡིགས་བསྐུལ་ལ་ཁ་གཏད་བཅག་འདུག 

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་དོན་གང་སྤེལ་བ་བཀག་འགོག་ཡོང་ཆེད་དུ། ཐབས་ལམ་འདྲ་མིན་ཐོག་སྡིགས་སྐུལ་བྱེད་ཀྱི་ཡོད་པ་དང་། གྲུབ་འབྲས་ཀྱང་ཐོན་གྱི་ཡོད་པ་རེད་དེ། ཐེངས་འདིར་སུ་ཝེ་ཌན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་སྡིགས་སྐུལ་ལ་ཁ་གཏད་བཅག་འདུག 

ཟླ་༡༡ པའི་ཚེས་༡༥ ཉིན་སུ་ཝེ་ཌན་རྒྱལ་ཁབ་ཏུ་ཁུལ་དེའི་སྨྲ་བརྗོད་རང་དབང་གྱི་ཚོགས་པ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་སུ་ཝེ་ཌན་ཡན་ལག་གིས། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྒྱ་རིགས་སུ་ཝེ་ཌན་གྱི་མི་སེར་ཡིན་པ་དཔེ་དེབ་པར་སྐྲུན་པ་དང་རྩོམ་པ་པོ་གྷུ་མེན་ཧེ་ལ། ཕྱི་ལོ་༢༠༡༩ ལོའི་རྩོམ་པ་པོ་དང་པར་སྐྲུན་པའི་རང་དབང་གི་གཟེངས་རྟགས་(Tucholsky Prize) སྤྲད་འདུག་པ་དང་། རྒྱ་ནག་གཞུང་གིས་གཟེངས་རྟགས་དེར་དགག་བྱ་ཆེན་པོ་བྱས་པ་མ་ཟད། མཛད་སྒོ་དེར་སུ་ཝེ་ཌན་གཞུང་གི་མི་སྣ་མཉམ་ཞུགས་བྱས་ཚེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་མ་ཟད། མཉམ་ཞུགས་བྱེད་མཁན་མི་སྣ་དེ་དང་དེའི་ལས་ཁུངས་ཀྱི་མི་སྣ་གང་ཞིག་རྒྱ་ནག་ཏུ་ཡོང་མི་ཆོག་པ་བཟོ་རྒྱུའི་སྡིགས་སྐུལ་བྱས་འདུག འོན་ཀྱང་སུ་ཝེ་ཌན་གྱི་བློན་ཆེན་ཞིག་མཉམ་ཞུགས་བྱས་ནས། རྒྱ་ནག་གི་སྡིགས་སྐུལ་ལ་ཁ་གཏད་བཅག་འདུག 

གཟེངས་རྟགས་མཛད་སྒོ་མ་འཚོགས་པའི་སྔོན་དུ། རྒྱལ་ཁབ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་དུ། སུ་ཝེ་ཌན་གྱི་པེན་ཚོགས་པས། ཉེས་ཅན་པ་དང་རྫུན་བཟོ་བྱེད་མཁན་ཞིག་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་དེར་དགག་པ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་།  གལ་ཏེ་མཛད་སྒོ་དེར་སུ་ཝེ་ཌན་གཞུང་གི་ལས་བྱེད་མཉམ་ཞུགས་བྱེད་རྒྱུར་དགག་པ་དེ་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་པས། སུ་ཝེ་ཌན་ཕྱོགས་ཀྱི་ནོར་འཁྲུལ་གྱིས་ཕྱོགས་གཉིས་བར་གྱི་མཛའ་འབྲེལ་དང་མཉམ་ལས་ལ་དཀའ་ཁག་ཆེན་པོ་བཟོ་རྒྱུ་ཡིན་པ། དེ་བཞིན་རྒྱ་ནག་ཕྱོགས་ནས་རྒོལ་ལན་སློག་རྒྱུ་ཡིན་སྐོར་བསྒྲགས་འདུག དེའི་ཐོག་རླུང་འཕྲིན་ཁང་ཞིག་གི་བཅར་འདྲིར། རྒྱ་ནག་གི་གཞུང་ཚབ་པས་མཛད་སྒོ་དེར་མཉམ་ཞུགས་བྱེད་མཁན་སུ་ཝེ་ཌན་གཞུང་གི་ལས་བྱེད་སུ་ཡིན་ཡང་རྒྱ་ནག་ཏུ་ཡོང་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཡོད་འདུག 

སྡིགས་སྐུལ་བྱས་མིན་ལ་མ་ལྟོས་པར་སུ་ཝེ་ཌན་གྱི་རིག་གཞུང་དང་མང་གཙོའི་བློན་ཆེན་ལྕམ་ཨ་མན་ཌ་ལིན་མཉམ་ཞུགས་ཀྱིས། གཟེངས་རྟགས་སྤྲད་ཡོད་པ་དང་གཏམ་བཤད་བྱས་འདུག མོས་སྨྲ་བརྗོད་རང་དབང་ནི་སུ་ཝེ་ཌན་ནང་དུ་ཐོབ་ཐང་ཞིག་ཡིན་པ་དང་། དབང་འཛིན་པ་ཚོས་སྒྱུ་སྩལ་གྱི་རང་དབང་དང་སྨྲ་བརྗོད་རང་དབང་ལ་བཙན་གནོན་ནམ་ཡང་བྱེད་མི་རུང་སྐོར་བརྗོད་འདུག བརྒྱུད་ལམ་ཁག་ཏུ་མོས་རྒྱ་ནག་གི་སྡིགས་སྐུལ་དེ་ནི་གནད་དོན་ཚབས་ཆེན་ཡིན་པ་དང་། རྒྱ་ནག་གཞུང་ཚབ་པར་པར་སྐྲུན་པ་གྷུ་གློད་གྲོལ་གཏོང་དགོས་པའི་ལྟ་ཚུལ་མུ་མཐུད་འཛིན་བཞིན་པ་དང་། སུ་ཝེ་ཌན་ནང་སྨྲ་བརྗོད་རང་དབང་ཡོད་པ་ལན་གསལ་པོ་སྤྲད་ཡོད་སྐོར་བརྗོད་འདུག 

དེ་བཞིན་སུ་ཝེ་ཌན་གྱི་སྲིད་བློན་གྱིས་བརྒྱུད་ལམ་ཁག་གི་བཅར་འདྲིར། སྡིགས་སྐུལ་དེ་རིགས་འོག་ཏུ་སུ་ཝེ་ཌན་ནམ་ཡང་མགོ་སྒུར་རྒྱུ་མིན་པ་དང་། སུ་ཝེ་ཌན་ནང་དུ་སྨྲ་བརྗོད་རང་དབང་ཡོད་སྐོར་བརྗོད་འདུག 

གྷུ་མེན་ཧེ་ནི་རྒྱ་ནག་ཏུ་སྐྱེས་ནས་རྗེས་སུ་སུ་ཝེ་ཌན་གྱི་མི་སེར་ཆགས་ཡོད་འདུག ཁོ་ནི་ཧོང་ཀོང་ནང་དུ་རྒྱ་ནག་གི་ཆབ་སྲིད་དང་དཔོན་རིགས་ཚོའི་སྐོར་བྲིས་པའི་དེབ་པར་སྐྲུན་དང་ཚོང་ཁང་གྲགས་ཅན་ཞིག་གི་སྦྱིན་བདག་ཁོངས་ནས་གཅིག་ཡིན་པ་དང་། ད་བར་དེབ་ཀྱང་མང་པོ་བྲིས་ཡོད་འདུག ཕྱི་ལོ་༢༠༡༥ ལོར་ཧོང་ཀོང་ནང་གི་རང་དབང་ཅན་གྱི་དཔེ་དེབ་ཚོང་ཁང་བདག་པོ་དང་པར་སྐྲུན་པ་སོགས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་གནས་ཚུལ་ཆེན་པོ་ལྷག་ཡོད་པ་དང་། ཁོ་ཡང་ཐེ་ལན་ཌ་ནས་འཛིན་བཟུང་གིས་རྒྱ་ནག་ཏུ་བཙན་ཁྲིད་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་གློད་གྲོལ་བཏང་རྗེས་སླར་ཡང་ཕྱི་ལོ་༢༠༡༨ ལོར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཐེངས་འདིའི་གཟེངས་རྟགས་མཛད་སྒོར། རྐུབ་སྟེགས་གཅིག་སྟོང་པ་བཞག་ནས་ཁོ་ད་དུང་ཡང་བཙོན་འོག་ཏུ་ཡོད་པ་མཚོན་པར་བྱས་འདུག 

ཐེངས་འདིར་སུ་ཝེ་ཌན་གྱིས་རྒྱ་ནག་གི་སྡིགས་སྐུལ་ལ་སྣང་མེད་ཀྱིས་ཁ་གཏད་བཅག་པ་དེར། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཤིན་ཏུ་ཆེན་པོ་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༧༡༩ ཀློག་གྲངས།