རྒྱ་ནག་གི་གསང་བའི་ཡིག་ཆ་ཕྱི་ལ་ཤོར་བའི་ནང་། རྒྱ་ནག་སྲིད་གཞུང་ཅི་འདྲའི་སྙིང་རྗེ་བྲལ་ཞིང་གདུག་རྩུབ་ཆེ་བ་གསལ་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱུན་པར་ཤིང་ཅང་གི་བཀག་ཉར་བཙོན་ཁང་ཆེན་མོ་ནི་ཤེས་ཡོན་དང་ལག་ཤེས་ལྟེ་གནས་ཁང་ཡིན་ཚུལ་བཤད་དེ་བཙོན་ཁང་ཡོད་པ་ཁས་ལེན་གཏན་ནས་བྱེད་ཀྱི་མེད་མོད། ཉིན་ཤས་གོང་ཕྱི་ལ་ཤོར་བའི་ཡིག་ཆ་ཞིག་གི་ནང་། རྒྱ་ནག་གིས་འཆར་གཞི་དང་གོ་རིམ་ལྡན་ཞིང་། ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་ཡུར་གུར་གྱིས་གཙོས་པའི་གྲང་ཉུང་མི་རིགས་རྣམས་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་བཞིན་པའི་གསང་བ་རྣམས་དམར་རྗེན་དུ་གྱུར་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་༡༦ རེས་གཟའ་སྤེན་པའི་ཉིན་ཨ་རིའི་གསར་ཁང་གྲགས་ཅན་ཉིའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གི་གསང་བའི་ཡིག་ཆ་ཤོག་ལྷེ་༤༠༠ ཙམ་ཡོད་པ་ཞིག་ཕྱི་ལ་བཀྲམ་པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཤིང་ཅང་གི་གྲངས་ཉུང་མི་རིགས་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དྲག་གནོན་བྱེད་དགོས་པའི་བཀའ་ཕབ་པ་དང་། ཡུ་གུར་བ་རྣམས་ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་བཀག་ཉར་བྱེད་པའི་ལས་འགུལ་ཆེན་མོ་དེར་མོས་མཐུན་མེད་མཁན་གྱི་ས་གནས་ལས་བྱེད་རྣམས་བཙོན་འཇུག་བྱས་པ། དེ་བཞིན་ཕ་མ་བཀག་ཉར་འོག་ཡོད་པའི་བྱིས་པ་རྣམས་ལ་ཅི་ཞིག་བཤད་དེ་སྟངས་འཛིན་གཅུན་ཐབས་བྱེད་དགོས་པ་སོགས་ཀྱི་གསང་བ་མང་པོ་ཞིག་འཁོད་ཡོད་འདུག

གསང་བའི་ཡིག་ཆ་དེ་ཕྱི་ལ་འགྲེམས་སྤེལ་བྱེད་མཁན་ནི་མིང་བརྗོད་འདོད་མེད་པའི་རྒྱ་ནག་གཞུང་གི་མི་སྣ་ཞིག་ཡིན་འདུག་པ་དང་། ཁོང་གིས་ཡིག་ཆ་དེ་ཕྱི་ལ་བཀྲམ་དགོས་པའི་རྒྱུ་མཚན་ནི། ཤིང་ཅང་སྐོར་ལ་རྒྱ་ནག་གཞུང་གིས་གང་རྗོད་བཞིན་པ་དེ་རྫུན་མ་ཡིན་པ་སྟོན་ཆེད་དང་། འཛམ་གླིང་མི་མང་གི་མིག་མདུན་ལ་ཞི་ཅིན་ཕིང་དང་རྒྱ་ནག་གི་འགོ་ཁྲིད་གཞན་རྣམས་སྡིག་ཉེས་དེ་ལས་ཐར་ཐབས་མེད་པ་བཟོ་བའི་རེ་བ་ཡིན་འདུག 

ཡིག་ཆ་དེའི་ནང་གང་བརྗོད་པ་ལྟར་ན། ༢༠༡༤ ལོར་ཤིང་ཅང་དུ་ཡུ་གུར་བ་ཚོ་གཅིག་གིས་མེ་འཁོར་འབབ་ཚུགས་ལ་དྲག་སྤྱོད་སྤེལ་ནས་མི་༣༡ བསད་རྗེས། ཞི་ཅིན་ཕིང་ལྗོངས་དེར་སྐོར་སྐྱོད་བྱེད་པའི་སྐབས་དང་། དེའི་རྗེས་སུ་འབྲེལ་ཡོད་འགོ་ཁྲིད་རྣམས་ལ་གསང་བའི་གཏམ་བཤད་རབ་དང་རིམ་པ་ཞིག་བྱས་པའི་ནང་། ཁོང་གིས་ཡུ་གུར་བ་ལ་མཐའ་གཅིག་ཏུ་དྲག་གནོན་བྱས་ཏེ་“སྙིང་རྗེ་སྤུ་ཙམ་ཡང་”སྟོན་མི་ཉན་པའི་བཀའ་ཐོག་མར་ཕབ་ཡོད་འདུག 

ཡིག་ཆ་དེའི་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་གཡོ་བྱུས་སྣ་ཚོགས་ཤིག་ཡོད་པ་ལས་ཆེས་འཇིགས་སུ་རུང་བ་གཅིག་ནི། བཀག་ཉར་འོག་ཡོད་པའི་ཕ་མ་ཚོའི་བུ་ཕྲུག་རྣམས་རྒྱ་ནག་གི་སློབ་གྲྭ་ནས་ཕྱིར་ཁྱིམ་ལ་གུང་གསེང་དུ་ལོག་སྐབས། ས་གནས་འགོ་ཁྲིད་ཚོས་ཇི་ལྟར་སྟངས་འཛིན་དང་གཅུན་ཐབས་བྱེད་དགོས་པའི་སྐོར་དེ་ཡིན་འདུག་སྟེ། གཞུང་གི་བཀའ་རྒྱའི་ནང་། ཡུ་གུར་གྱི་སློབ་མ་རྣམས་རྒྱ་ནག་གི་སློབ་གྲྭ་ནས་ཕྱིར་ཁྱིམ་དུ་ལོག་མ་ཐག ས་གནས་འགོ་ཁྲིད་ཚོ་ཁོ་ཚོ་དང་ཐུག་སྟེ་ཁོ་ཚོའི་ཕ་མ་རྣམས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས། ཁོ་ཚོ་བསམ་བློའི་སློབ་གསོ་སྤེལ་དུ་བཏང་བ་ཡིན་ཚུལ་འགྲེལ་བརྗོད་བྱེད་དགོས་པ་དང་། གལ་སྲིད་སློབ་མ་ཚོས་ཕ་མ་གང་དུ་ཡོད་མེད་དང་ག་དུས་ཕྱིར་ལོག་ཐུབ་མིན་གྱི་འདྲི་རྩད་ནན་པོ་བྱས་ན། ཁོང་ཚོའི་བྱ་སྤྱོད་ལེགས་ཉེས་ཀྱིས་ཕ་མ་རྣམས་ཕྱིར་ག་དུས་ལོག་ཐུབ་མིན་ཐག་གཅོད་བྱེད་པའི་འཇིགས་སྐུལ་བྱེད་དགོས་ཚུལ་འཁོད་ཡོད་འདུག 

དེ་མིན་ད་རུང་ཡིག་ཆ་དེའི་ནང་ཡུ་གུར་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་པའི་སྲིད་བྱུས་དེར་མོས་མཐུན་མེད་མཁན་གྱི་འགོ་ཁྲིད་རྣམས་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་ཡང་འཁོད་ཡོད་འདུག་སྟེ། ཕྱི་ལོ་༢༠༡༧ ལོར་གུང་ཁྲན་གྱི་ཚོགས་མི་༡༢,༠༠༠ ལྷག་ལ་“ཁ་བྲལ་ལ་འཐབ་རྩོད་”བྱེད་པའི་སྒྲིག་གཞི་དང་འགལ་ཡོད་མེད་རྩད་གཅོད་བྱས་ཡོད་འདུག་ལ། ཧན་མི་རིགས་ཀྱི་འགོད་ཁྲིད་འགའ་ཤས་ལ་ཡུ་གུར་མི་རིགས་བཀག་ཉར་བྱེད་པའི་ལས་འགུལ་དེ་ཕར་འགྱང་དང་འགོག་ཐབས་བྱེད་པའི་ཉེས་མིང་གཡོགས་ནས་བཙོན་འཇུག་བྱས་ཡོད་འདུག 

ཉིའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གི་གསང་བའི་ཡིག་ཆ་དེ་ཕྱི་ལ་བཀྲམ་རྗེས། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་གིས་“སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་བྱེད་དགོས་”ཞེས་པའི་ཁ་བྱང་དེ་བཀོལ་ནས་གནས་ཚུལ་དེ་རྒྱ་ཆེར་བརྒྱུད་བསྒྲགས་བྱས་འདུག་པ་མ་ཟད། འཛམ་གླིང་གི་འགོ་ཁྲིད་ཁ་ཅིག་དངོས་སུ་མདུན་དུ་ཐོན་ནས་དེ་ནི་སྐྱི་གཡའ་ཞིང་འཇིགས་སུ་རུང་བ་ཞིག་ཡིན་སྐོར་བཤད་དེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་འདུག 

ཡིག་ཆ་དེའི་སྐོར་རྒྱ་ནག་གཞུང་གིས་འཕྲལ་དུ་འགྲེལ་བརྗོད་དང་ལན་འདེབས་གང་ཡང་བྱས་མི་འདུག་ཀྱང་། གཞུང་འབྲེལ་དབྱིན་ཇིའི་གསར་འགྱུར་ཆེ་ཤོས་ཏེ། གོ་ལའི་དུས་བབ་ཀྱིས་རེས་གཟའ་ཟླ་བའི་རྩོམ་སྒྲིག་པའི་གཏམ་ནང་། ཨ་རིའི་གསར་ཁང་དེས་སྤེལ་བའི་གནས་ཚུལ་ལ་ཀུན་སྤྱོད་བྲལ་བ་དང་། ཉེ་བའི་ལོ་ཤས་ནང་ཤིང་ཅང་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས་ད་ལྟ་ཞི་བདེ་ལྷིང་འཇགས་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་སྐོར་བཀོད་དེ་ད་དུང་ཡང་གུ་གུར་བ་ས་ཡ་བརྒལ་བ་ཁྲིམས་མེད་ལུགས་མེད་ཀྱིས་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་འགེབས་ཐབས་བྱས་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༥༧༢ ཀློག་གྲངས།