སིང་གྷ་ལར་རྩོད་གཞི་ཆེ་བའི་མི་ཞིག་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག 

སིང་གྷ་ལའི་ནང་དུ་ཉེ་ཆར་ཁ་ཆེ་དྲག་སྤྱོད་ཚོགས་པས་དྲག་རྒོལ་ཤུགས་རྐྱེན་བྱུང་རྗེས། སྲིད་འཛིན་གྱི་འོས་བསྡུར་རྒྱལ་ཁབ་ཀྱི་བདེ་སྲུང་གནད་དོན་གལ་ཆེ་ཤོས་ཆགས་ཡོད་པ་དང་། རྒྱལ་ཁ་ཡང་སྔར་དམག་འཁྲུག་སྐབས་ཀྱི་རྩོད་གཞི་ཆེ་བའི་བདེ་སྲུང་བློན་ཆེན་ཞིག་ལ་ཐོབ་འདུག 

ཟླ་༡༡ པའི་ཚེས་༡༦ ཉིན་སིང་གྷ་ལར་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། འོས་འཕེན་པའི་ཆ་རྐྱེན་ཚང་མཁན་མི་མང་བརྒྱ་ཆ་༨༣.༧ གྱིས་འོས་འཕངས་ནས། མཐའ་མའི་གྲུབ་དོན་དུ་ཕྱི་ལོ་༢༠༠༥ ནས་༢༠༡༥ བར་རྒྱལ་ཁབ་དེའི་བདེ་སྲུང་བློན་ཆེན་གྱི་ལས་ཁུར་བྱེད་མྱོང་མཁན་རང་ལོ་༧༠ ཡིན་པ་གྷོ་ཏ་བྷ་ཡ་རཱ་ཇཱ་པཀ་ས་(Gotabaya Rajapaksa) ལ། འོས་གྲངས་བརྒྱ་ཆ་༥༢.༢༥ ཐོབ་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག 

ཁོང་ནི་ཕྱི་ལོ་༢༠༠༩ ལོར་སིང་གྷ་ལ་ནང་དུ་ཏཱ་མིལ་མི་རིགས་ཀྱི་ཁ་བྲལ་གྱེན་ལངས་རུ་ཁག་ལ་ཕམ་ཁ་བཟོ་མཁན་གྱི་བདེ་སྲུང་བློན་ཆེན་ཡིན་པ་དང་། སྐབས་དེའི་སྲིད་འཛིན་ནི་ཁོང་གི་གཅེན་པོ་ཡིན་འདུག སིང་གྷ་ལའི་ནང་གི་ཏཱ་མིལ་མི་རིགས་དང་གྲངས་ཉུང་མི་རིགས་གཞན་ཚོས། ཁོང་གཉིས་ལ་ལྟ་ཚུལ་བཟང་པོ་མེད་འདུག ལོ་ངོ་བཅུ་ཕྲག་གི་ཏཱ་མིལ་མི་རིགས་ཀྱི་གྱེན་ལངས་དམག་འཁྲུག་ནང་མི་མང་ཉུང་མཐར་འབུམ་༡ གི་ཚེ་སྲོག་ཤོར་ཡོད་པར་ངོས་འཛིན་བྱེད་ཡོད་པ་དང་། དེ་བཞིན་ཁོང་བདེ་སྲུང་བློན་ཆེན་ཡིན་པའི་སྐབས་སུ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གསར་འགོད་པ་ཁག་ཅིག་བཙན་ཁྲིད་བྱས་ནས་མནར་གཅོད་འོག་བསད་ཡོད་པ་དང་། ཏཱ་མིལ་མི་རིགས་གཙོ་བོར་གྱུར་བའི་མི་མང་སྟོང་ཕྲག་མང་པོ་གར་སོང་ཆ་མེད་ཆགས་ཡོད་པས། དེ་དག་བཙན་དབང་ཐོག་ནས་བསད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་འོས་བསྡུར་འདེམས་ཐོན་སྲིད་འཛིན་ལ་འོས་ཤོག་འཕེན་མཁན་མང་ཤོས་ནི་ནང་པ་གནས་སྡོད་བྱེད་ཡུལ་ཁག་ནས་བྱུང་འདུག

འོས་གྲངས་བརྒྱ་ཆ་༤༢ ཐོབ་མཁན་པེ་རེ་མཱ་དྷ་ས་ལ་ཏཱ་མིལ་དང་ཁ་ཆེ་སོགས་གྲངས་ཉུང་མི་རིགས་གནས་སྡོད་བྱེད་ཡུལ་ནས་འོས་ཤོག་མང་ཤོས་ཐོབ་ཡོད་འདུག དེ་ཡང་འོས་འཕེན་པ་ཚོས་ཁོང་ནི་གུ་ཡངས་དང་མི་རིགས་དབྱེ་འབྱེད་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་སྲིད་འཛིན་གྱི་འོས་བསྡུར་འོས་མི་༣༥ ལངས་ཡོད་པ་རེད། 

འདི་ལོའི་ཟླ་༤ པའི་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིའི་ཚོགས་མི་ཚོས། སིང་གྷ་ལ་ནང་དུ་ཡེ་ཤུ་ཆོས་ཁང་དང་མགྲོན་ཁང་ཆེ་གྲས་ཁག་ཅིག་ཏུ་དྲག་རྒོལ་བྱས་ཏེ། མི་༢༥༠ ལས་མང་བ་བསད་ཡོད་པ་དང་། དེ་ལ་བརྟེན་ནས་ནང་པའི་མཁྲེགས་འཛིན་ཚོགས་པ་ཁག་གིས་བརྒྱུད་སྐུལ་འོག ཁ་ཆེའི་མི་མང་ལ་རྡུང་རྡེག་བྱས་པའི་གནས་ཚུལ་ཡང་ལྷག་ཡོད་པས། སིང་གྷ་ལའི་ནང་དུ་མི་རིགས་མི་འདྲ་བའི་བར་འགལ་ཟླའི་རྣམ་པ་ཆེན་པོ་ཡོད་པའི་སྐབས་དེར། རྩོད་གཞི་ཆེ་བའི་བདེ་སྲུང་བློན་ཆེན་ཟུར་པ་ཞིག་སྲིད་འཛིན་དུ་འདེམས་ཐོན་བྱུང་བར། གྲངས་ཉུང་མི་རིགས་རྣམས་ཀྱིས་སེམས་འཚབ་བྱེེད་བཞིན་འདུག སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས་རཱ་ཇཱ་པཀ་ས་ཡིས་མི་རིགས་དང་ཆོས་ལུགས་དབྱེ་མེད་ཐོག་ནས། སིང་གྷ་ལའི་མི་མང་ཚང་མར་ཞབས་ཞུ་སྒྲུབ་རྒྱུ་ནི་ཁོང་གི་ལས་འགན་ཡིན་པས། དྲང་བདེན་གྱི་ཐོག་ནས་ལས་འགན་སྒྲུབ་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག 

སིང་གྷ་ལ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་བུ་ལོན་ཆེན་པོ་སློག་རྒྱུ་ལྷག་ཡོད་པས། རྒྱལ་ཁབ་དེའི་མི་མང་དང་དེ་བཞིན་རྒྱ་གར་གྱིས་ཀྱང་ཁུལ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ལ་སེམས་འཚབ་བྱེད་ཀྱི་ཡོད་འདུག་ཀྱང་། གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་གྱིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བསྐྱར་གསོ་བྱེད་འཆར་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༨༥༩ ཀློག་གྲངས།