རྫ་དབོན་པོར་བོད་རང་བཙན་གྱི་ཡིག་ཆ་གཏོར་བ་དང་གྲྭ་པ་ཁག་ཅིག་འཛིན་བཟུང་བྱས།

ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༧ ཉིན་གྱི་མཚན་མོར་རྫ་ཆུ་ཁའི་དབོན་པོ་ནས་བོད་རང་བཙན་གྱི་ཡིག་ཆ་མང་པོ་གཏོར་བར་བརྟེན། རྒྱ་ནག་གཞུང་གིས་གྲྭ་བ་ལྔ་འཇུ་བཟུང་བྱས་འདུག 

ཟླ་འདིའི་ཚེས་༡༨ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ཟླ་༡༡ ཚེས་༧ མཚན་མོར་རྫ་ཆུ་ཁའི་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་གཞུང་ལས་ཁང་གི་ར་སྐོར་ནང་དུ་བོད་རང་བཙན་དགོས་སྐོར་གྱི་ཡིག་ཆ་མང་པོ་ཞིག་གཏོར་བ་ལ་བརྟེན་ནས། གྲྭ་ཀུན་གསལ་(20)དང་། གྲྭ་རྟ་མེ་(18 ཡས་མས)། གྲྭ་བསོད་བཀྲ་(18 ཡས་མས) ཚུལ་ཁྲིམས་(18ཡས་མས) བཅས་དོགས་ཡོད་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ཚོའི་དགེ་རྒན་གྲྭ་ཤེར་རྒྱམ་ཡང་སྐབས་དེར་འཛིན་བཟུང་བྱས་ཡོད་ཀྱང། ཁོང་ཚེས་༡༨ ཉིན་གློད་གྲོལ་བཏང་བ་ལས། གཞན་རྣམས་ད་ལྟ་སེར་ཤུལ་རྫོང་དུ་ཁྲིད་ནས་བཀག་ཉར་བྱེད་བཞིན་ཡོད་འདུག 

གནས་ཚུལ་འདིའི་འབྱུང་རྐྱེན་ནི། རྒྱ་གཞུང་གིས་འབྲོག་སྡེ་གྲོང་སྒྱུར་གྱི་གཡོ་ཇུས་བྱེད་མུས་ལྟར། ཉེ་ཆར་རྒྱ་གཞུང་གིས་གསར་རྒྱག་བྱས་པའི་གྲོང་ཁང་གསར་པའི་ནང་དུ་སྤར་བའི་འབྲོག་པ་རྣམས་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས། མའོ་ཙེ་ཏུང་དང་ཞི་ཅིན་ཕེན་གྱི་ཐང་ག་གཤམ་དུ་བཅུག་པ་མ་ཟད། གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། ཏང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཤད་བཅུག་ནས་གང་བཤད་པ་དེ་ཚིག་ཐོར་ཕབ་པ་དང་བརྙན་བླངས་ནས་དྲ་ལམ་ཁག་ཏུ་བཀྲམས་ཡོད་འདུག 

འདི་ནི་རྫ་དབོན་པོ་ཡུལ་ཚོ་གཅིག་པུ་མ་ཡིན་པར་རྫ་ཆུ་ཁའི་ས་ཁུལ་མང་པོ་ལ་ལས་འགུལ་དེ་ལག་སྟར་བྱེད་བཞིན་འདུག། སྐབས་དེར་འབྲོག་པ་མང་པོ་ཞིག་གིས་འཆི་བ་སྲོག་ལ་ཐུག་ཀྱང་དེ་ལྟར་མི་བྱེད་ཅེས་ངོས་ལེན་མ་བྱས་པ་དང་། རེ་ཟུང་གིས་དེ་ལྟར་བྱེད་དགོས་འཁེལ་པ་ལ་མི་དམངས་ཀྱིས་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་ནས་དྲ་ཐོག་ལ་སྤེལ་བ་སོགས་རྒྱ་གཞུང་གིས་ཡུལ་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་བ་དང་། ཡུལ་མི་ཕན་ཚུན་དབར་དཀྲུག་ཤིང་ཆེན་པོ་ཞིག་བརྒྱབ་པར་བརྟེན། གོང་གསལ་གྱི་ལས་འགུལ་དེ་བསླངས་པ་ཡིན་འདུག

འདི་གའི་གསར་ཁང་གིས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་སྐབས། ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་སྐད་འཕྲིན་དང་དྲ་བ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས། ཕན་ཚུན་འབྲེལ་བ་བྱས་ནས་ཞིབ་ཕྲའི་གནས་ཚུལ་མཁོ་བསྡུ་བྱེད་རྒྱུ་དཀའ་བ་དང་། ད་ལྟ་འཛིན་བཟུང་བྱས་པའི་གྲྭ་བ་ཚོའི་འདྲ་པར་རག་ཐབས་བྱེད་བཞིན་པའི་སྒང་ཡིན་སྐོར་དང། གནས་ཚུལ་མཁོ་སྤྲོད་པ་ཁོང་གི་མིང་གསར་འགྱུར་བརྒྱུད་ལམ་དུ་བཀོད་ན། རྗེས་སུ་གནས་ཚུལ་མཁོ་བསྡུ་བྱེད་པ་གནོད་སྐྱེལ་སྲིད་སྐོར་བརྗོད་སོང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༨༤༡ ཀློག་གྲངས།